དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཇི་ལྟར་མངོན་འགྱུར་བྱེད་ཐབས་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-18

    དུས་རབས་གསར་པར་ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་གི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ཁྱབ་ཡོད། བོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་སྟེ། ཡི་གེ་འབྲི་སྦྱོང་དང་། དཔེ་དེབ་ལྟ་ཀློག རྩོམ་ཡིག་འབྲི་བ་སོགས་ཀྱི་ལྷུ་ཚིགས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ཁྱོན་ཡོངས་ནས་མཉམ་འདྲེས་བྱས་ཏེ། སློབ་ཚན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཀུན་སྤྱོད་སློབ་གསོའི་ཕན་འབྲས་མཐོ་རུ་གཏོང་བར་འབད་པ་བྱེད་དགོས། མིག་སྔར་བོད་ཀྱི་སློབ་ཆུང་ཁག་གཅིག་གི་བོད་སྐད་ཡིག་སློབ་ཁྲིད་ཁྲོད་དུ་སྐད་ཡིག་ཤེས་བྱར་མཐོང་ཆེན་བྱེད་པ་ལས་རིན་ཐང་གི་ཁྲིད་སྟོན་ལ་སྣང་ཆུང་ཤོར་བའི་དོན་དངོས་ལ་གཞིགས་ཏེ། འདིར་གུས་པས་སློབ་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སློབ་ཆུང་གི་བོད་སྐད་ཡིག་སློབ་ཚན་ནང་མཉམ་འདྲེས་བྱེད་པའི་དོན་སྙིང་དང་། གནད་དོན། ཐབས་ལམ་སོགས་རགས་ཙམ་གླེང་ཁུལ་བྱས་ཡོད།

    དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་ཆུང་གི་བོད་སྐད་ཡིག་སློབ་ཚན་ནང་འདྲེས་པར་དོན་སྙིང་གལ་ཆེན་ལྡན་པ།

    གཅིག མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ནི་སྤྱི་ཚོགས་སྤྱི་དང་ཡང་སྒོས་དགེ་བའི་བཤེས་གཉེན་གྱི་ཕྲག་ཏུ་འབབ་པའི་འགན་འཁྲི་ཞིག་རེད། དེ་ཡང་། སློབ་ཆུང་གི་དུས་མཚམས་ནི་ཀུན་སྤྱོད་དང་གོམས་གཤིས་བཟང་པོ་འཇགས་པ་དང་། རིན་ཐང་ལྟ་བའི་རྨང་གཞི་འདིང་བའི་འགག་རྩའི་དུས་མཚམས་ཤིག་རེད། བོད་སྐད་ཡིག་སློབ་ཚན་ནང་ཀུན་སྤྱོད་སློབ་གསོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྟེ་བའི་རིན་ཐང་ལྟ་བ་དེ་སློབ་མས་གོ་ཐུབ་པ་དང་། མྱོང་ཚོར་ཐུབ་པ། སྒྲུབ་ཐུབ་པ་བཅས་ཀྱི་ཞིབ་ཕྲའི་བླང་བྱར་བསྒྱུར་ནས་སློབ་མར་ཡིན་མིན་གསལ་འབྱེད་དང་། གུས་ཞབས་ཤེས་པ། སྒྲིག་ལམ་སྲུང་བའི་སློབ་གསོ་བཏང་སྟེ། རྒྱལ་གཅེས་དང་། མཐུན་སྒྲིལ། ཁ་དན་ཚིག་གནས། མཛའ་མཐུན། ཤེས་དཔལ། སྒྲིག་སྲུང་བཅས་ཀྱི་ཀུན་སྤྱོད་བཟང་པོ་རྒྱུད་ལ་འཇགས་པར་བྱས་ཏེ། སློབ་མ་རྣམས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཕོད་པའི་དུས་རབས་གསར་པའི་མི་སྣ་ཞིག་ཏུ་འཚར་ལོངས་ཡོང་བར་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས།

    གཉིས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རྒྱལ་གཅེས་ཁྱིམ་གཅེས་དང་། མཐུན་སྒྲིལ་རོགས་རེས། གཞུང་དྲང་། ཁ་དན་ཚིག་གནས་སོགས་ཀྱི་ནང་དོན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འབྲེལ་བ་བྱེད་རྒྱུ་གལ་ཆེ། དེས་ན། བོད་སྐད་ཡིག་གི་སློབ་ཁྲིད་བརྒྱུད་རིམ་ཁྲོད་དུ་ལེགས་བཤད་དང་། གཏམ་དཔེ། དམངས་ཁྲོད་གཏམ་རྒྱུད་སོགས་ཀྱི་ནང་དོན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བྱས་ཏེ། སློབ་མས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    གསུམ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་སྒྲུབ་དགོས། རིན་ཐང་ལྟ་བའི་སློབ་གསོ་སློབ་ཁང་སློབ་ཁྲིད་ནང་མཉམ་འདྲེས་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། སློབ་ཁྲིད་ཀྱི་རྣམ་པ་འཁྲུག་ཏུ་གཏོང་བ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ། སྐད་ཡིག་གི་ནུས་པ་དང་། བསམ་གཞིག་གི་ནུས་པ། སྐད་ཆ་ཤོད་ནུས་བཅས་དང་། དེ་བཞིན་ཀུན་སྤྱོད་བྱང་ཚད་དུས་གཅིག་ཏུ་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་ནས། བོད་སྐད་ཡིག་སློབ་ཁྲིད་དེ“རྒྱུགས་སྤྲོད་ཕྱོགས་སྟོན”ནས“མི་སྣ་གསོ་སྐྱོང་གི་ཕྱོགས་སྟོན”དུ་བསྒྱུར་ཐུབ་པར་བྱས་ཏེ། ཤེས་བྱ་དང་ནུས་རྩལ་གྱི་རིན་ཐང་ལྟ་བ་དང་གཞི་གཅིག་ཏུ་འདྲེས་པར་བྱེད་དགོས།

    གཉིས་པ། མིག་སྔར་སློབ་ཆུང་གི་བོད་སྐད་ཡིག་སློབ་ཚན་ནང་ལྟེ་བའི་རིན་ཐང་ལྟ་བ་མཉམ་འདྲེས་བྱེད་པའི་གནད་དོན་གཙོ་བོ།

    གཅིག སྐད་ཡིག་གི་ཤེས་བྱ་བརྒྱུད་ཁྲིད་བྱ་རྒྱུར་མཐོང་ཆེན་བྱེད་པ་ལས་རིན་ཐང་ལྟ་བའི་ནང་དོན་སྔོག་འདོན་བྱེད་མི་ཐུབ་པ། དགེ་རྒན་ཁག་གཅིག་གིས་སློབ་ཁྲིད་བྱེད་སྐབས་ཡི་གེ་འབྲི་ཀློག་དང་། ཐ་སྙད་ངེས་སྦྱོང་། དེ་བཞིན་ཡིག་རྒྱུགས་ཀྱི་གཙོ་གནད་སོགས་ལ་དོ་ཁུར་བྱེད་པ་ལས། སློབ་ཚན་ནང་གི་རྒྱལ་གཅེས་དང་། མཐུན་སྒྲིལ། མཛའ་མཐུན། ཡིད་རྟོན། ཁྲིམས་སྐྱོང་། ཤེས་དཔལ་སོགས་ཀུན་སྤྱོད་སློབ་གསོའི་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱེད་མི་ཐུབ་པའི་སྣང་ཚུལ་ཐོན་དང་ཐོན་བཞིན་མཆིས།

    གཉིས། མཉམ་འདྲེས་ཀྱི་ཐབས་ཤེས་སྟབས་བདེ་ཞིང་སློབ་མའི་དོན་དངོས་དང་མི་མཐུན་པ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་རིན་ཐང་ལྟ་བའི་ནང་དོན་འཁོད་པའི“ཤོག་བྱང་སྦྱོར་བ”སོགས་ལ་བརྟེན་ནས་སློབ་ཚན་གྱི་མཇུག་ཏུ་ལྟེ་བའི་རིན་ཐང་ལྟ་བའི་ཐ་སྙད་ངོ་སྤྲོད་སྟབས་བདེ་ཙམ་བྱེད་པ་ལས། སློབ་ཁྲིད་ཀྱི་ནང་དོན་དང་། སློབ་མའི་དོན་དངོས་ཀྱི་འཚོ་བ། བརྩེ་དུང་གི་ཉམས་ལེན་སོགས་དང་ཟུང་འབྲེལ་ཟབ་པོ་བྱེད་མ་ཐུབ་སྟབས། སློབ་མས་རིན་ཐང་ལྟ་བར་གོ་བ་ལོན་དཀའ་བར་གྱུར་པ།

    གསུམ། ནང་དོན་ཐར་ཐོར་དང་མ་ལག་ཆགས་མེད་པས་རིམ་དབྱེའི་ཇུས་འགོད་མི་འདང་བ། ལོ་རིམ་དམའ་བ་དང་། འབྲིང་བ། མཐོ་བ་བཅས་ཀྱི་མཉམ་འདྲེས་དམིགས་ཚད་གསལ་པོ་མེད་པ་དང་། ནང་དོན་ཐར་ཐོར་ཅན་དང་། བྱེད་སྒོའི་ཇུས་འགོད་ཚགས་ཚུད་པོ་མེད་པ་སོགས་ལས་གོམ་པ་རིམ་བགྲོད་དང་རིམ་འཕར་གྱི་སློབ་གསོའི་མ་ལག་ཅིག་གྲུབ་མེད་པ་དང་། ལོ་རིམ་དམའ་བའི་གོམས་གཤིས་སློབ་གསོ་དང་། ལོ་རིམ་འབྲིང་བའི་ཀུན་སྤྱོད་གསོ་སྐྱོང་། ལོ་རིམ་མཐོ་བའི་འགན་འཁྲིའི་སློབ་གསོ་བཅས་ཀྱི་དབར་འབྲེལ་མཐུད་ཟབ་པོ་མེད་པ། མི་སྣ་གསོ་སྐྱོང་གི་ཕན་འབྲས་ལ་རྒྱུན་མཐུད་རང་བཞིན་ཞན་པ།

    བཞི། ལག་ལེན་དང་འབྲེལ་བའི་བྱེད་སྒོ་ཉུང་ཞིང་ཤེས་བྱ་དང་ལག་ལེན་ཟུང་འབྲེལ་མི་འདང་བ། སློབ་ཁྲིད་གཙོ་བོར་བྱེད་པ་ལས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། སྤྱི་ཚོགས་ཀྱི་ལག་ལེན་མྱོང་བ་སོགས་ཀྱི་ལྷུ་ཚིགས་མི་འདང་བ། རིན་ཐང་ལྟ་བའི་སློབ་གསོ་དེ་སློབ་ཁང་དང་དཔེ་དེབ་ཏུ་ལུས་ནས་རྒྱུན་གཏན་གྱི་བྱ་སྤྱོད་དུ་འགྱུར་མི་ཐུབ་པ་དང་། སློབ་མས་ཤེས་ཀྱང་ལག་ལེན་དུ་མ་འཁྱོལ་བར་ཤེས་སྤྱོད་ཁ་བྲལ་བའི་སྣང་ཚུལ་མངོན་གསལ་དོད་པ།

    ལྔ། དགེ་རྒན་གྱི་མཉམ་འདྲེས་ནུས་པ་མི་འདང་བ་དང་སློབ་ཁྲིད་ཀྱི་ཞིབ་འཇུག་ཐབས་ལམ་ཞན་པ། དགེ་རྒན་ཁག་གཅིག་གིས་ལྟེ་བའི་རིན་ཐང་ལྟ་བར་གོ་བ་ཟབ་མོ་མི་ལོན་པ་དང་། བོད་སྐད་ཡིག་བསླབ་གཞི་དང་ཀུན་སྤྱོད་སློབ་གསོའི་ལྷུ་ཚིགས་ཇི་ལྟར་ཟུང་འབྲེལ་གྱིས་ཇུས་འགོད་དང་། སྒྲིག་འཛུགས། གྲོས་བསྡུར་བཅས་བྱེད་པའི་ཉམས་མྱོང་ཞན་པ་དང་། སློབ་གྲྭའི་བྱེད་སྒོ་མང་ཆེ་བ་སྐད་ཡིག་སློབ་ཁྲིད་ཀྱི་ཤེས་བྱ་ཁོ་ནར་དམིགས་པ་དང་ཀུན་སྤྱོད་སློབ་གསོ་མཉམ་འདྲེས་ཀྱི་ཞིབ་འཇུག་ཅུང་ཉུང་བ། ས་གནས་སོ་སོའི་དོན་དངོས་དང་འཚམ་པའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་གསར་དུ་གཏོད་ཐུབ་མེད་པ་སོགས་སོ།

    གསུམ་པ། ལྟེ་བའི་རིན་ཐང་ལྟ་བ་སློབ་ཆུང་བོད་སྐད་ཡིག་སློབ་ཚན་ནང་མཉམ་འདྲེས་བྱེད་པའི་ཐབས་ལམ།

    གཅིག བསླབ་གཞིའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས“ཤེས་བྱ་སློབ་ཁྲིད་དང་། ཀུན་སྤྱོད་སློབ་གསོ། རིན་ཐང་ལྟ་བ”བཅས་མཉམ་འདྲེས་ཀྱི་མ་ལག་ཅིག་གྲུབ་པར་བྱེད་དགོས། དགེ་རྒན་གྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་དེབ་ཀྱི་ནང་དོན་གསེད་བཀྲོལ་དང་ཀུན་སྤྱོད་སློབ་གསོའི་གཞི་རྒྱུ་བཙོ་སྦྱངས་བྱེད་དགོས་ཏེ། རྒྱལ་གཅེས་ཀྱི་བརྗོད་བྱ་གཙོ་བོའི་སློབ་ཚན་དང་། གསར་བརྗེའི་གཏམ་རྒྱུད། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་བརྟེན་ནས་རྒྱལ་གཅེས་དང་མཐའ་མཚམས་སྟོབས་ལྡན་འབྱོར་ཕྱུག་ཏུ་འགྱུར་བའི་ལམ་བུར་ངེས་ཤེས་རྙེད་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་། ཕན་ཚུན་རོགས་རེས་ཀྱི་གཏམ་རྒྱུད་དང་དཔེ་མཚོན་ལ་བརྟེན་ནས་འདྲ་མཉམ་དང་། མཛའ་མཐུན། དཔལ་ཡོན། མཐུན་སྒྲིལ་བཅས་ཀྱི་རིན་ཐང་མངོན་པར་བྱེད་པ། 《ས་སྐྱ་ལེགས་བཤད》སོགས་སྲོལ་རྒྱུན་གྱི་ལེགས་བཤད་ལ་བརྟེན་ནས་བླང་དོར་གནས་ལ་ཚུལ་བཞིན་འཇུག་དགོས་པའི་གལ་ཆེའི་རང་བཞིན་མངོན་པ། ཁྲིམས་སྐྱོང་བདེ་འཇཌ་དང་། སློབ་གྲྭའི་སྒྲིག་སྲོལ་སྒྲིག་ལམ་ལ་བརྟེན་ནས་ཁྲིམས་སྐྱོང་དང་། དྲང་གཞག དྲང་བདེན་བཅས་ཀྱི་རིན་ཐང་ལྟ་བ་མངོན་ཐུབ་པར་བྱེད་པ་སོགས་སོ།

    གཉིས། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་སིམ་ཐུབ་པར་བྱེད་པ། ཡི་གེ་འབྲི་ཀློག་དང་ཐ་སྙད་བློ་འཛིན་སོགས་དང་ཟུང་འབྲེལ་བྱས་ཏེ་མཐུན་སྒྲིལ་དང་རྒྱལ་གཅེས། ཡིད་རྟོན། མཛའ་མཐུན་སོགས་ཀྱི་ཐ་སྙད་ལ་འགྲེལ་བཤད་རྒྱག་པ་དང་། རིན་ཐང་ལྟ་བའི་ནང་དོན་གྱི་ཡིག་གཟུགས་འགྲན་བསྡུར་བྱེད་སྒོ་སྤེལ་བ་སོགས་བྱེད་དགོས། སློབ་ཁྲིད་ཀྱི་གྲོས་བསྡུར་བྱ་རིམ་ཁྲོད་དུ“ཁ་དན་ཚིག་གནས་ཀྱི་བྱིས་པ་ཞིག་ཇི་ལྟར་བྱེད་པ”དང་། “འཛིན་གྲྭ་ཐུན་མོང་ལ་གཅེས་སེམས་ཇི་ལྟར་འཆང་བ” “སློབ་གྲོགས་ལ་རོགས་རམ་ཇི་ལྟར་བྱེད་པ” “ཕ་ཡུལ་ལ་བརྩེ་སེམས་ཇི་ལྟར་འཆང་བ”སོགས་ཀྱི་གནད་དོན་ལ་དམིགས་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་དགོས།

    གསུམ། སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ནས་སློབ་ཚན་གྱི་ནང་དོན་དངོས་དང་ཉེ་བར་བཅར་དགོས། བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་སོགས་ཀྱི་གཏམ་རྒྱུད་བརྗོད་ནས་རྒྱལ་ཁབ་སྟོབས་འབྱོར་དང་སྤྱི་ཚོགས་ཞི་མཐུན་ལྡན་པའི་བདེ་སྐྱིད་ཚོར་སྣང་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་། བོད་སྐྱོར་གཏམ་རྒྱུད། གྲོང་གསེབ་དར་རྒྱས་བཅས་ཀྱི་བརྙན་ཐུང་བསྟན་ནས་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ། སློབ་མ་སྒྲིག་འཛུགས་བྱས་ཏེ་སློབ་གྲོགས་ཕན་ཚུན་དབར་རོགས་རམ་དང་། གཞུང་དྲང་། ཁ་དན་ཚིག་གནས། ཡ་རབས་གུས་ཞབས་སོགས་བྱེད་སྟངས་བྱེད་ལུགས་འཁྲབ་ཏུ་འཇུག་པ།

    བཞི། བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་ཤེས་སྤྱོད་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་ཚན་གྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་དགོས་ཏེ། བོད་སྐད་གཏམ་བཤད་དང་། གཏམ་རྒྱུད་ཤོད་པ། ལག་འབྲིའི་ཚགས་པར། ཡིག་གཟུགས་འགྲེམས་སྟོན། བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་སྒྲིག་འཛུགས་བྱས་ནས། དེ་དག་ཁྲོད་དུ་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་བརྒྱུད་སྤྲོད་བྱེད་དགོས།

    ལྔ། དགེ་རྒན་གྱི་ནུས་པ་མཐོར་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གྲྭས་དུས་བཀག་ལྟར་སློབ་ཁྲིད་ཞིབ་འཇུག་གི་བྱེད་སྒོ་སྤེལ་ནས་དགེ་རྒན་སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་སློབ་སྦྱོང་དང་། སློབ་དེབ་ཞིབ་ཀློག དཔེ་མཚོན་གྱི་སློབ་ཚན་ཉན་པ། སློབ་ཁྲིད་རྒྱུ་ཆ་མཉམ་སྤྱོད་སོགས་བྱེད་པ་དང་། དགེ་རྒན་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་དེ་གའི་ཀུན་སྤྱོད་སློབ་གསོའི་ཐོན་ཁུངས་གསར་སྤེལ་བྱེད་པར་རང་དཔེ་གཞན་སྟོན་དང་། ལས་གཅེས་ལས་བཀུར། སློབ་མར་སེམས་ཁུར། ལས་རོགས་ལ་མཐུན་སྒྲིལ་བཅས་བྱས་ཏེ། གཏམ་སྤྱོད་དངོས་ལ་བརྟེན་ནས་སློབ་མར་ཤུགས་རྐྱེན་ཐེབས་པར་བྱེད་དགོས།

    (བོད་ལྗོངས་ས་སྐྱ་རྫོང་བྲག་མཇུག་ཤང་ལྟེ་བའི་སློབ་ཆུང་། སྲི་ཐར)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།