ཀ་ཕྲེང་བསྟོད་དབྱངས་ཕྲ་མོ།
ཀ་ལ་པིང་ཀའི་དབྱངས་ལ་འཁུ་བའི་སྙན་འཇེབས་གླུ། །
ཁ་བའི་ལྗོངས་ཀྱི་རྣམ་པ་གསར་པར་བསྟོད་པའི་དབྱངས། །
ག་སར་བོད་གསར་འཛུགས་སྐྲུན་ཚ་རླབས་དགུང་དུ་འཕྱུར། །
ང་ཅག་མཐོ་སྒང་འཕེལ་རྒྱས་ཡར་ངོའི་ཟླ་དང་མཚུངས། །
ཅ་དངོས་འཐུས་ཚང་ཞིང་འབྲོག་ཐོན་ལས་སྣ་ཁ་མང་། །
ཆ་འཇོག་འཕེལ་བའི་གསར་གཏོད་ལམ་བུར་སྙེགས་གྱུར་ནས། །
ཇ་རོ་བཞིན་དུ་རྙིང་ཞེན་བག་འཁུམས་རྗེས་ལུས་དོར། །
ཉ་ཉོག་མ་ཡིན་གཞོན་སྐྱེས་མང་པོས་ཕུགས་འདུན་སྐྱོང་། །
ཏ་ལེར་ལྕགས་ལམ་གཞུང་ལམ་མང་བས་འགྲུལ་བཞུད་བདེ། །
ཐ་ཐོར་མ་ཡིན་སེམས་མཐུན་རྡོག་རྩ་གཅིག་སྒྲིལ་གྱིས། །
ད་ལྟའི་བོད་གསར་སྲིད་འབྱོར་རིག་གསུམ་གོང་དུ་འཕེལ། །
ན་གཞོན་ཚོགས་ནི་དུས་རབས་གསར་པའི་རྐང་འཛིན་ཡིན། །
པ་ཏྲའི་རིས་ལྟར་ལྟ་བས་མི་ངོམས་བསིལ་ལྗོངས་འདིར། །
ཕ་མེས་བརྒྱུད་པའི་སྲོལ་བཟང་རིག་དངོས་གཏེར་མཛོད་བཞིན། །
བ་གམ་ཁང་བཟང་བྱུར་བུར་གཏམས་པའི་གསུང་རབ་སོགས། །
མ་འོངས་གངས་ལྗོངས་བདག་པོ་རྣམ་པས་རྒྱུན་འཛིན་མཛོད། །
ཙ་རི་ལ་སོགས་རང་བྱུང་གནས་བཟང་ཆེས་མང་ལ། །
ཚ་དྲོད་སྙོམས་པའི་ཆུ་ཚན་ཐོན་ཁུངས་ཕུན་སུམ་ཚོགས། །
ཛ་ཛོར་ལས་བྲལ་ཁོར་ཡུག་ཀུན་ནས་དྲི་བསུང་འཐུལ། །
ཝ་སྐྱེས་མ་ཡིན་རང་གཤིས་གཙང་མའི་སྐྱེ་བོ་མང་། །
ཞར་དང་ཞོར་དུ་རང་འཁྲིའི་ལས་ལ་འབད་འབུངས་ཀྱིས། །
ཟ་ཟིར་མེད་པར་བླང་དོར་ལས་ལ་བརྟག་ཅིང་དཔྱད། །
འ་ཅག་གཞོན་ནུའི་ལང་ཚོའི་རིན་ཐང་ངོམ་ལ་བྲེལ། །
ཡ་རབས་སྲོལ་བཟང་ཉམས་པ་མེད་པར་གོང་དུ་འཕེལ། །
ར་སའི་ཡུལ་དུ་སྲིད་ཇུས་བཟང་པོའི་ཉི་མ་ཤར། །
ལ་ཀླུང་མེད་པར་ཁ་བའི་ལྗོངས་སུ་འོད་སྣང་འཕྲོས། །
ཤ་དར་ཁྲག་དར་གཞོན་སྐྱེས་ཚོགས་རྣམས་སྙིང་སྟོབས་སྐྱེད། །
ས་གནས་ཁག་ནས་བདེ་སྐྱིད་གླུ་དབྱངས་སྒྲ་ལྷང་ལྷང་། །
ཧ་ཅང་བཟང་བའི་ད་ལྟའི་མཐོ་སྒང་རྣམ་པ་འདིར། །
ཨ་ལ་ལ་ཞེས་བཀྲ་ཤིས་སྨོན་ཚིག་ལན་བརྒྱར་འབུལ། །
ཧ་ལས་དགོས་པའི་ཚིག་རྒྱན་མཛེས་པོ་མེད་ན་ཡང་། །
ཨ་མའི་ནོར་བུས་ཀ་རྩོམ་བསྟོད་གླུ་ཤར་མར་འབུལ། །
འབྲེལ་ཡོད་གསར་འགྱུར།