དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཡིད་འོང་འབྲོག་ཐང་མིག་ལ་ཧ་ཅང་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇིགས་མེད་དབང་ཕྱུག   |     སྤེལ་དུས།  2026-11-15

    ཨ་སྔོན་དབྱིངས་སུ་སྤྲིན་དཀར་ཚོམ་བུར་རྒྱུ། །

    སྤྲིན་དཀར་འོག་ན་རྒོད་པོ་རེ་གཉིས་ལྡིང་། །

    སྤང་ལྗོངས་ཡངས་མོར་ཆུ་མིག་འབར་འབུར་བརྡོལ། །

    ལྷ་བྱ་གོང་མོའི་གསུང་སྐད་རྣ་བར་འཇེབས། །

    མེ་ཏོག་ལྡན་དུས་འབྲོག་ཐང་ཞོགས་པ་མཛེས། །

    འཆར་ཀའི་ཉི་ཟེར་ལ་རྩེར་འཕྲོས་པའི་ཚེ། །

    ཁ་དོག་སྣ་ལྔའི་འོད་མདངས་དགུང་ནས་ཁྱབ། །

    སྦྲ་ནག་གྲུ་བཞི་དྲོད་ཀྱི་གཞིས་ཁྱིམ་ན། །

    ལྕགས་ཐབ་དྲོན་མོའི་དུ་ཞག་མཁའ་ལ་འཕྱུར། །

    འབྲོག་པའི་ཕ་རྒན་འོ་ཇ་བསྐོལ་ལ་འབྲེལ། །

    མ་ལོ་རྒན་མོས་དཀར་གཙང་འོ་མ་རྣམས། །

    གཡས་གནོན་གཡོན་འདེཌ་མདོང་མོ་དཀྲོག་ཀྱིན་དུ། །

    ཞོ་གླུ་སྙན་མོའི་གདངས་རིང་རྒྱང་ལ་གྱེར། །

    དཀར་ཆུ་འོ་མའི་དྲི་བསུང་སྣ་ལ་ཞིམ། །

    འབྲོག་ཕྲུག་འོ་མས་གསོས་པའི་གཏམ་རྒྱུད་རྩོམ། །

    ཞོགས་པའི་སྤང་ལྗོངས་བ་མོ་མ་ཡལ་གོང་། །

    མཁུར་ཚོས་དམར་མདངས་ཅན་གྱི་སྲིང་ཆུང་མས། །

    མེ་ཏོག་འཛུམ་ཕྲེང་གྲོལ་བཞིན་སྦྲ་སྒོར་ཐོན། །

    སླེལ་པོ་གྲུ་བཞི་དཔུང་ལ་སྦྲེལ་ནས་ནི། །

    ལྕི་བ་ནག་རིལ་ལྷས་ཀྱི་འདབས་སུ་འདྲེན། །

    འོ་མས་གསོས་པའི་འབྲོག་ཕྲུག་རྒྱགས་རིལ་དེས།།

    རྫི་སྒྱེ་ཁྲ་ཁྲ་བྲང་གི་འཕྲེད་དུ་གཡུགས། །

    སྒོ་བཞིའི་ནོར་ཕྱུགས་གཡང་གི་ལྷས་ནས་གློད། །

    ལག་ཏུ་འུར་རྡོ་ཆུ་མིག་དགུ་སྒྲིལ་ཐོགས། །

    ངག་ནས་སྙན་འཇེབས་ལྡན་པའི་འབྲོག་གླུ་ལེན། །

    སྦྲ་སྒོའི་སྲུང་མ་དོམ་ཁྱིའི་ཟུག་སྒྲ་དང་། །

    འབྲི་གཡག་རྩྭ་ཆུར་རོལ་བའི་ངུར་སྒྲ་གཉིས། །

    གྱི་ལིང་འཚེར་སྒྲ་གཡང་དཀར་འབའ་སྒྲ་གསུམ། །

    བྱང་ཐང་གསོན་ཉམས་དོད་པའི་སྙན་ངག་ཡིན། །

    ཡིད་འོང་འབྲོག་ཐང་མིག་ལ་ཧ་ཅང་མཛེས། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།