དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལང་ཚོའི་མེ་ཏོག་དང་འགྲོགས་པའི་མི་ལོ་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རང་ཚུགས།   |     སྤེལ་དུས།  2026-11-15

    མཐོ་འབྲིང་གི་དུས་སྐབས་ནི་ལང་ཚོ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པའི་དུས་ཤིག་དང་། མི་ཚེ་ཧྲིལ་པོའི་ནང་གི་ཆེས་མཚར་སྡུག་ལྡན་པའི་ལམ་གྱི་ལེའུ་ཞིག་ཡིན། མཐོ་འབྲིང་སྐབས་ཀྱི་གཞོན་ནུའི་ལང་ཚོ་ནི་གསོན་ཤུགས་རྒྱས་པའི་དབྱར་གྱི་མེ་ཏོག་དང་ཀུན་ནས་མཚུངས་ཏེ་སྤྱང་གྲུང་དང་དར་བབས་ཀྱི་སྒེག་ཉམས་ཡོད་ཚད་མངོན་སུམ་དུ་རིག་ཡོང་། མི་ཚེ་ནི་རྩོམ་པ་པོའི་སྨྱུག་རྩེ་ལས་ཐོན་པའི་སྒྲུང་གཏམ་རིང་མོ་ཞིག་ཡིན་ན། མཐོ་འབྲིང་གི་དུས་བཟང་ནི་སྒྲུང་གཏམ་དེའི་བྱུང་རིམ་གསོན་ཤུགས་རྒྱས་ཤོས་དེ་ཡིན་པ་གདོན་མི་ཟ། མཐོ་འབྲིང་གི་རྒྱལ་སྒོ་འཛུལ་བ་ནས་ད་བར་མི་ལོ་གསུམ་གྱི་རིང་ལ་ངས་གཞོན་ནུའི་ལང་ཚོའི་གཟི་མདངས་དང་རིན་ཐང་ཤེས་བྱུང་ལ། དེ་བས་སྣ་མང་གི་ཤེས་བྱ་རིག་གནས་སྦྱོང་གིན་རང་ཉིད་དགའ་བའི་ལས་ལ་ཧུར་ཐག་གཞོལ་བཞིན་ཕུགས་བསམ་དོན་གཉེར་ལ་འབད།

    ང་རང་ལ་སྔ་མོ་ནས་ཕུགས་བསམ་ཞིག་ཡོད་པ་ནི་རྩོམ་པ་པོ་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན། མཐོ་འབྲིང་ལོ་རིམ་དང་པོའི་སྐབས་སུ་ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་སྦྱོང་ཚན་འབྲི་དེབ་སྟེང་སོ་སོ་རང་ཉིད་ཀྱི་ཕུགས་བསམ་གང་ཡིན་བྲི་བར་སྐུལ། སྐབས་དེར་ངས་ཐེ་ཚོམ་སྤུ་ཙམ་མེད་པར་རང་གི་ཕུགས་བསམ་དེ་ཤར་མར་བྲིས་རྗེས་སྦྱོང་ཚན་བསྐྱལ། ཉིན་ཤས་ལས་མ་སོང་བར་རྒན་ལགས་ཀྱིས་ང་རང་བཙལ་ནས་ངེད་སློབ་གྲྭའི་རྩོམ་རིག་ཚོགས་པར་ཞུགས་དགོས་ཟེར། ངས་ཀྱང་མིག་མདུན་གྱི་གོ་སྐབས་ལ་དམ་འཛིན་དང་རྒན་ལགས་ནས་བསྩལ་བའི་བཀའ་སློབ་ཡིད་ལ་བཅངས་ནས་ལྷག་བསམ་རྣམ་དག་ངང་ཚོགས་པ་དེར་ཞུགས། ཚོགས་པར་ཞུགས་པའི་མི་ལོ་གསུམ་གྱི་འཚོ་བ་ནི་དགའ་ཞིང་སྤྲོ་ལ་གྲུབ་འབྲས་མང་བའི་བགྲང་བྱ་གསུམ་ཡིན། ལས་འགན་གཙོ་བོ་ནི་ཟླ་བ་རེར་རྩོམ་ཡིག་སྤུས་དག་རེ་འབྲི་རྒྱུ་དང་ཚོགས་ཁྲིམས་ཡག་པོ་བསྲུང་རྒྱུ་དེ་རེད། འོན་ཀྱང་གནའ་མིའི་ཁ་དཔེ་ལ“ངུ་དགོས་པའི་དཀའ་ལས་མ་བརྒྱབ་ན། དགོད་ཤོར་བའི་ཟ་མ་ག་ལ་རག”ཅེས་པ་ལྟར། ངས་ཀྱང་གཞན་ལས་ལྷག་པའི་གྲུབ་འབྲས་ཤིག་ཐོབ་ཆེད་ད་བར་གཟའ་འཁོར་རེར་རྩོམ་ཡིག་རེ་འབྲི་རྒྱུ་རྒྱུན་འཁྱོངས་བྱས།

    མི་ལོ་གསུམ་གྱི་རིང་ལ་ངས་སྤོས་པའི་གོམ་པ་རེ་རེ་ཡི་ནང་དུ་རྔུལ་ཆུའི་ཐིགས་པ་དང་ལང་ཚོའི་རྐང་རྗེས་ཡོད། ཆེས་ཐོག་མའི་ཚོགས་མི་ཞིག་ནས་ད་ཆ་ཚོགས་གཙོ་ཞིག་ཏུ་ཆགས་པའི་བརྒྱུད་རིམ་ནང་། ངས་དཀའ་སྤྱད་ཀྱི་ལམ་བུ་འགྲིམས་ཡོད་ལ་བཟོད་བསྲན་དང་སྡུག་རུས། ཡིད་ཆེས་ཀྱི་ཐ་སྙད་ཟླ་བོར་བསྟེན་ཞིང་། ཆེས་ལེགས་པའི་རང་ཉིད་བསྐྲུན།

    ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ་ནི་ངས་ཕུགས་བསམ་ལ་གཡབ་མོ་བྱེད་སའི་བསྟི་གནས་དང་རྨི་ལམ་མངོན་འགྱུར་གྱི་གནས་མཆོག་ཅིག་ཡིན། ལང་ཚོ་མེ་ཏོག་བཞིན་མཚར་བའི་རྩོམ་རིག་ཚོགས་པའི་ཚོགས་མི་ཚོ་ནི་ཡ་རབས་ཀུན་སྤྱོད་བཟང་ལ། རང་དགོས་ཤེས་བྱར་བརྩོན་པས། སློབ་མ་ཚང་མས་ཡིད་རངས་དང་གུས་བཀུར་བྱེད་ས་ཤ་སྟག་ཡིན་ཞིང་། ཁོ་ཚོར་རང་རང་གི་གཤིས་དང་མཐུན་པའི་བསམ་བློ་དང་མྱོང་བ་རེ་ཡོད་པས། ཁོ་ཚོས་བྲིས་པའི་རྩོམ་ཡིག་ལ་རང་རང་གི་ཁྱད་ཆོས་དམིགས་བསལ་རེ་ཡོད་པ་ཤོད་མི་དགོས། དེར་བརྟེན་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ་ནི་མི་ཚེའི་རིན་ཐང་དང་ལང་ཚོའི་གཟི་དཔལ་ངོམ་ས་ཁྱད་དུ་འཕགས་པ་ཞིག་ལོས་ཡིན།

    ཚོགས་པའི་སྒོ་འཛུལ་རིམ་བཞིན་ངའི་མིག་ལམ་དུ་མངོན་ཡོང་བ་ནི་ཁྲ་ཆིལ་གྱི་མེ་ཏོག་དང་རི་བོའི་གཏོས་དང་མཉམ་པའི་དཔེ་དེབ་དག་ཡིན་ལ། དེ་བས“རྒྱུད་འཛིན། དར་འཕེལ། གསར་གཏོད”ཅེས་པའི་ཡིག་འབྲུ་དྲུག་ལས་གྲུབ་པའི་ཚོགས་མི་ཚོའི་ཕྲག་སྟེང་དུ་བབས་པའི་འོས་འགན་ཡིན། མཐོ་འབྲིང་གི་འཚོ་བར་རྫོགས་ཤད་འཐེན་ལ་རན་པའི་ཚོགས་གཙོ་ཞིག་གིས་མི་ལོ་གསུམ་གྱི་ཚོགས་པའི་འཚོ་བར་རྫོགས་ཤད་འཐེན་ཏེ། ཕྱི་རབས་ཚོར་སྔར་བཞིན་ཚོགས་སྲོལ་བཟང་པོ་རྒྱུན་འཁྱོངས་ཀྱིས་ཚོགས་པ་འཕེལ་རྒྱས་གཏོང་བར་འབད་དགོས་པའི་མངགས་བྱ་བྱེད་པར་འདོད།

    མི་ལོ་གསུམ་གྱི་མཐོ་འབྲིང་འཚོ་བར་རང་ལ་བཀའ་དྲིན་བླ་ན་མ་མཆིས་པའི་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པའི་ཟུར་ཁྲིད་རྒན་ལགས་གཉིས་པོར་བཀའ་དྲིན་ཆེ་ཞུ་བ་མ་ཟད། རྟག་ཏུ་ང་ལ་སྐུལ་ལྕག་དང་རིན་བྲལ་བཀའ་སློབ་གནང་མཁན་གྱི་འཛིན་བདག་ཁོང་ལའང་བཀའ་དྲིན་ཆེ་ཞུའོ། མདོར་ན་ལས་ཀྱི་ལམ་དུ་རོགས་རམ་དང་གདམས་ངག་སྦྱིན་མཁན་ཡོངས་ལ་བཀའ་དྲིན་སྒོམ་བཞིན་ཐུགས་རྗེ་ཞུ།

    སློབ་གྲོགས་ལགས། གངས་ལྷ་མེ་ཏོག་ནི་མཐོ་སྒང་འདི་ན་ཉམས་པ་མེད་པར་འཚར་བའི་མེ་ཏོག་ངོ་མཚར་ཅན་ཞིག་ཡིན་ན། ལང་ཚོའི་མེ་ཏོག་ནི་ཅང་སུའུ་ཚོད་སློབ་ཏུ་བཞད་པའི་ཁྱད་འཕགས་ཀྱི་མེ་ཏོག་ཅིག་ཡིན་ཞིང་། ལང་ཚོའི་མེ་ཏོག་ནི་ང་ཚོའི་ལང་ཚོ་དང་མཚུངས་པར་སྔར་བཞིན་གསོན་ཤུགས་རབ་ཏུ་རྒྱས་ངེས་པས། ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ་ནི་གཟི་འོད་ལམ་ལམ་དུ་འཕྲོ་བའི་སྐར་ཆེན་ཞིག་དང་འདྲ་བར་ཚོགས་པ་དུ་མའི་ནང་ནས་གཟེངས་སུ་ཐོན་པ་དང་། དེ་བས་མ་འོངས་ལོ་ཟླར་དར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་ཕྱི་རབས་ཚོགས་མི་ཚོའི་འགན་འཁྲི་ལགས་སོ།།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།