དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ལུས་པོ་དབང་སྐྱོན་ཡིན་ཡང་། བཟོ་བོའི་སྙིང་སྟོབས་མི་ཉམས།

    —— ཐང་ག་མཁས་ཅན་བྱམས་པ་ཚེ་རིང་དང་དོན་གྲུབ་ཆོས་འཕེལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-14

    བར་སྐོར་ཁྲོམ་གཞུང་གི་སྤོམ་མདའ་ཚང་སྒོ་ར་རྙིང་པའི་རྡོ་གཅལ་གནའ་ཉམས་ལྷག་པར་དོད་ཅིང་། བསམ་གཏན་ཐང་གའི་ལས་དོན་ཁང་དེ་བཀྲག་མདངས་རབ་ཏུ་འཚེར། ཐང་ག་བཞེངས་མཁན་གྱིས་འབྲི་རས་ཐོག་སོར་རྩེའི་འཁྱུག་འགྲོས་ངོམས་པར་ཡུལ་སྐོར་བ་མི་ཉུང་བ་ཞིག་ཐིག་རིས་རེ་རེ་རྒྱག་སྟངས་ལ་ཅེ་རེར་ལྟ་བཞིན་མཆིས། མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པའི་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་གྱི་སྒོ་ར་ཆུང་ཆུང་དེའི་ནང་ཐང་ག་མཁས་ཅན་གཉིས་ཀྱིས་ནམ་རྒྱུན་རྐུབ་སྟེགས་འཁོར་ལོ་ཅན་ལ་བརྟེན་ནས་ཐང་ག་བཞེངས་བཞིན་ཡོད།

    2026ལོའི་ལོ་འགོར་དགེ་རྒན་གཅིག་པའི་དགེ་ཕྲུག་བྱམས་པ་ཚེ་རིང་དང་དོན་གྲུབ་ཆོས་འཕེལ་གྱིས་མཉམ་དུ་བསམ་གཏན་ཐང་གའི་ལས་དོན་ཁང་བཙུགས་པ་དང་དེ་གའི་ལག་ཤེས་པ་ཚང་མ་དབང་པོ་སྐྱོན་ཅན་ཤ་སྟག་རེད། ཁོང་གཉིས་པོའི་ལུས་སྨད་འགུལ་སྐྱོད་བྱེད་བདེ་པོ་མེད་ཀྱང་ཐང་གའི་ལག་རྩལ་རྒྱུན་འཛིན་བྱེད་པའི་གོམ་སྟབས་སྤོ་མཚམས་གཏན་ནས་འཇོག་མྱོང་མེད། ལུས་པོ་དབང་སྐྱོན་ཡིན་ནའང་སྨན་ཐང་ལུགས་ཀྱི་ཐང་གའི་རིག་གནས་སྲུང་སྐྱོང་བྱེད་པའི་ཁོ་གཉིས་ཀྱིས་ཕུགས་འདུན་ཆེན་པོ་སྒྲུབ་པར་འབད་པས་བྲེལ།

    བྱམས་པ་ཚེ་རིང་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་ཡིན་པ་དང་ཐང་ག་བཞེངས་ནས་ད་བར་ལོ་20ལྷག་ཙམ་འགྲོ་གི་ཡོད། 2003ལོར་ཐང་ག་བཞེངས་རྩལ་སྦྱོང་འགོ་ཚུགས་རྗེས་ཁོང་གིས་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་ནས་སྐུ་འདྲ་ཚད་འཇལ་དང་ཐིག་འཐེན་ཚོན་རྒྱག་བཅས་ལ་བརྩོན་ཞིབ་བྱས་ཏེ། གཟུགས་པོ་ཐང་པོ་མེད་ནའང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ཐང་ག་བཞེངས་པའི་ལས་ལ་བརྩོན་ཞིབ་བྱས། ལོ་མང་དཀའ་བ་སྤྱད་མཐར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་། ཁོང་ལ་སྔ་རྗེས་སུ་རང་སྐྱོང་ལྗོངས་དབང་སྐྱོན་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་ཐོབ་པ་མ་ཟད། བརྩམས་ཆོས་མང་པོ་ཞིག་ལྗོངས་ཡོངས་ཀྱི་ཐང་ག་རྩེ་གྲའི་འགྲེམས་སྟོན་ལ་བདམས་ཤིང་། ཏན་ཏིག་ཞིབ་ཚགས་ཀྱི་ཐང་ག་བཞེངས་རྩལ་ལ་ལས་རིགས་ནང་ཁུལ་གྱི་ལས་རོགས་དང་ཡུལ་སྐོར་བའི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ཡོད།

    དོན་གྲུབ་ཆོས་འཕེལ་ལའང་ཐང་ག་བཞེངས་པའི་རྨང་གཞི་བརྟན་པོ་ཡོད་ཅིང་། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཁོང་གིས་གཏེར་ཚོན་དང་གནའ་བོའི་ཤོག་སྦྱར་མཛེས་བཟོ་སོགས་ཀྱི་སྲོལ་རྒྱུན་བཟོ་རྩལ་ལ་བརྩོན་ཞིབ་ཟབ་མོ་བྱས་ཡོད། ལས་དོན་ཁང་གཉེར་བའི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་ཁོང་གིས“ལྷ་སར་ཡོང་མཁན་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། མི་མང་པོ་ཞིག་གིས་ཐང་ག་མིག་གིས་མཐོང་མྱོང་བ་ལས་དེའི་རིག་གནས་ལ་རྒྱུས་མངའ་དེ་ཙམ་བྱུང་མེད། ང་ཚོས་ཉམས་ལེན་ལས་སྟེགས་བསྐྲུན་ནས་ཚང་མས་མངོན་མིན་རིག་གནས་ཤུལ་བཞག་ལ་དངོས་སུ་མྱོང་ཚོར་ཐུབ་པ་དང་། ང་ཚོའི་སྟོབས་ཤུགས་ཆུང་ཆུང་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་འོག་ཁོང་གཉིས་ཀྱི་ལས་དོན་ཁང་ནས་ཐང་ག་གསར་བཞེངས་ཙམ་མ་ཟད་རིག་གནས་ཡུལ་སྐོར་ཉམས་ལེན་ཡང་ཐུབ་ཀྱི་ཡོད། སྤྱིར་བཏང་གི་རིག་གནས་བསམ་བཀོད་ཁང་དང་མི་འདྲ་བར་དེ་གར་དབྱིངས་ཞུགས་རྣམ་པའི་སློབ་ཁྲིད་བྱེད་པ་དང་ཐང་ག་མཁས་ཅན་གཉིས་པོས་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་དེ་ཡུལ་སྐོར་བར་ངང་རྒྱུད་རིང་པོས་ཐང་གའི་ལོ་རྒྱུས་དང་དཔེ་སྟོན་གྱི་ཐང་ག་བཞེངས་སྟངས་འགྲེལ་བཤད་རྒྱག་གི་ཡོད། ས་གནས་ཁག་གི་ཡུལ་སྐོར་བས་དད་མོས་ཆེན་པོས་དབྱིངས་ཞུགས་རྣམ་པའི་སྒོ་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད།

    ཐང་ག་བཞེངས་ཞོར་དུ་ཁོང་གཉིས་པོས་སྤྱི་ཕན་དངོས་སྦྱོང་ལས་སྟེགས་ཀྱང་བཙུགས་ནས། བཟོ་བོ་དབང་པོ་སྐྱོན་ཅན་དེ་བས་མང་བ་བསྡུས་ཏེ་ཁོང་ཚོར་ལས་ཞུགས་འབབ་འཕར་ཡོང་ཐབས་བྱེད་ཀྱི་ཡོད། ཁོང་གཉིས་པོས་གནའ་བོའི་ཐབས་རྩལ་ལ་བརྟེན་ནས་ཐང་ག་རེ་རེ་བཞེངས་པར་བརྩི་མཐོང་བྱེད་པ་དང་སྲོལ་རྒྱུན་གྱི་ལས་རིམ་སྟབས་བདེ་རུ་མི་གཏོང་བ་དང་ཆབས་ཅིག གོ་བདེ་བའི་འགྲེལ་བཤད་དང་སྙིང་ཉེ་བའི་ཉམས་ལེན་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་དང་མང་ཚོགས་དབར་སྦྲེལ་ཟམ་བཙུགས་ཡོད།

    ལུས་པོ་དབང་སྐྱོན་ཡིན་ནའང་རིག་གནས་རྒྱུན་འཛིན་གྱི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་གཏན་ནས་བྱུང་མེད། བྱམས་པ་ཚེ་རིང་དང་དོན་གྲུབ་ཆོས་འཕེལ་གྱིས་སྣག་ཚ་དང་སྨྱུ་གུར་བརྟེན་ནས་བཟོ་བོའི་སྙིང་སྟོབས་མངོན་པར་བྱས་པ་དང་ཕུགས་བསམ་བརྟན་སྲུངབྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རླབས་རྒྱུན་ཁྲོད་ལོ་ངོ་སྟོང་གི་སྨན་ཐང་ལུགས་ཀྱི་ཐང་ག་འདི་ཉིད་འགྲེམས་སྟོན་ཁང་ནས་ཐོན་པ་དང་ཡུལ་སྐོར་བའི་སེམས་སུ་ཟུག་པར་འབད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།