ཨ་དར་ཨ་སྐྱིད་ཚོ། ལོ་གསར་བཀྲ་ཤིས་བདེ་ལེགས།
དེ་རིང་ནི་བོད་ཟླ་བཅུ་པའི་ཚེས་གཅིག་སྟེ་ཀོང་པོའི་ལོ་གསར་གྱི་ཚེས་གཅིག་ཡིན་པ་དང་། དེ་ཡང་བོད་ཀྱི་ལོ་གསར་སྔ་ཤོས་ཤིག་རེད། ཀོང་པོའི་ལོ་གསར་ཤར་བ་དང་བསྟུན་ནས། བོད་ཀྱི་ས་གནས་ཁག་ཏུ་ལོ་གསར་གྱི་དམངས་སྲོལ་བྱེད་སྒོ་གཅིག་མཇུག་གཉིས་མཐུད་དུ་སྤེལ་གྱི་ཡོད།

ཀོང་པོའི་ལོ་གསར་གྱི་བྱུང་བ།
ཀོང་པོའི་ལོ་གསར་ནི་ཉིང་ཁྲི་གྲོང་ཁྱེར་དང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་སུ་གཏོང་བའི་ལོ་གསར་ཞིག་ཡིན། ཤོད་རྒྱུན་ལ་སྔོན་ཀོང་པོ་ཡང་བོད་ཀྱི་ཡུལ་གྲུ་གཞན་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལོ་གསར་གཏོང་སྲོལ་ཡོད་མོད། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་ལོ་ཞིག་གི་སྟོན་དུས་ལ། ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་གྱིས་ཚུར་རྒོལ་བྱས་པས་སྐྱེས་པ་རྣམས་ལམ་སེང་དམག་ཏུ་འགྲོ་དགོས་པའི་ཚེ། རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ལ་སེམས་གསོ་གཏོང་ཆེད། ལོ་གསར་སྔོན་ལ་གཏོང་བའི་བཀའ་བཏང་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག་རྗེས་ད་གཟོད་དམག་ལ་ཆས་རྒྱུ་བྱས། མཐར་དམག་དཔོན་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་དཔའ་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བྱས་ནས་རྒྱལ་ཁ་ལོན། དུས་དེ་ནས་བཟུང་ཀོང་པོ་བ་རྣམས་ཀྱིས་ལོ་གསར་བོད་ཟླ་བ་བཅུ་པའི་ནང་གཏོང་བའི་སྲོལ་འདི་ཆགས།

ཀོང་པོའི་ལོ་གསར་གཏོང་སྲོལ།
ཀོང་པོའི་ལོ་གསར་གྱི་ཚེས་གཅིག་ཉིན་ཁྱི་ལ་མར་དང་ཤ་སྤགས་སོགས་གང་སྟེར་ཡང་ཁྱིས་སྔོན་ལ་གང་བཟས་པ་དེ་ལོ་རྗེས་མར་ཡག་པོ་ཡོང་བར་བརྩི་སྲོལ་ཡོད། ཚེས་30ཉིན་གནམ་གང་ལ་“སྐྱིད་བརྡ”ཞེས་གཡོས་སྦྱོར་ཞིག་ཡོད་པ་དེ་བག་ལེབ་ལ་བྱུགས་ནས་བཟའ་བ་དང་། ད་དུང་ཉིན་མོར་སྐྱེས་པ་རྣམས་རྟ་རྒྱུག་དང་། བི་ཤུ། སྦེ་ག ཤེད་རྡོ་སོགས་འགྲན་བསྡུར་སྣ་ཚོགས་སྤེལ་བ་དང་། བུད་མེད་རྣམས་ཁ་ཅིག་གིས་རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱེད་སྒོར་རྟེན་འབྲེལ་ཞུ་བའི་མཆོད་ཆང་འགྱོག་པ་དང་། གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་པ་ཕུད། དེ་མིན་བུད་མེད་རྣམས་མཉམ་འཛོམས་ཀྱིས་རྩེད་འཇོར་རོལ་གྱི་ཡོད། མཚན་མོར་མེ་ཕུང་སྤར་ཏེ་བྲོ་འཁྲབ་སྲོལ་ཡང་ཡོད།

འབྲེལ་ཡོད་གསར་འགྱུར།