དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲན་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཆོས་གྲུབ།   |     སྤེལ་དུས།  2026-11-08

    ང་རང་ཁྱེད་ཀྱི་རྣ་འགྲམ་ནས་ལྡང་བའི་རླུང་འཇམ་དེ་ཡིན་ན།

    ཁྱེད་ཀྱི་སྲབ་མཉེན་གྱི་རྣ་གཤོག་ལ་དལ་བུར་འཁྱུད་དེ།

    དབུགས་རྒྱུན་ཞིག་ཉམས་སུ་མྱོང་བ་ལས་འཁྲེང་ནས་མི་སྡོད།


    ང་རང་ཁྱེད་ཀྱི་མགུལ་དུ་འཕྲོས་པའི་ཟླ་འོད་དེ་ཡིན་ན།

    ཁྱེད་ཀྱི་ཉམས་འགྱུར་ལ་བསྟུན་ནས་ཁུ་སིམ་ངང་ཕྲག་སྟེང་དུ་བབས་ཏེ།

    ཞི་འཇམ་ཞིག་ཉམས་སུ་མྱོང་བ་ལས་རེག་ཚོར་མི་བྱེད།


    ང་རང་ཁྱེད་ཀྱི་ལང་ཚོ་ནས་འཐུལ་བའི་བསུང་ཞིམ་དེ་ཡིན་ན།

    ཁྱེད་ཀྱི་གོམ་སྟབས་ལ་གཞིགས་ནས་མཉམ་དུ་འགྲོགས་ཏེ།

    ལྷིང་འཇགས་ཤིག་ཉམས་སུ་མྱོང་བ་ལས་ཀུ་ཅོ་མི་སྒྲོག


    ང་རང་ཁྱེད་ཀྱི་མིག་མདུན་དུ་རྒྱུ་བའི་སྤྲིན་ཚོམ་དེ་ཡིན་ན།

    ཁྱེད་སླེབས་ན་ངས་བཅར་འོང་།

    ཁྱེད་སོང་ན་ངས་ཡལ་ཆོག


    དེ་ནི་དྲན་སེམས་ཡིན།

    དྲན་སེམས་ཡོད་པས་ངེད་གཉིས་ལྷན་དུ་འཛོམས།

    དྲན་སེམས་མེད་ན་ཡུལ་ལུང་རྒྱང་གིས་ཆོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།