རྒྱུ་ནོར་གྱིས་དབུལ་བའི་ཕྱུག་པོ།
གཡང་སྐྱབས་ནི་གཡང་ལུང་སྡེ་བར་སྐད་གྲགས་ཆོད་པའི་ཕྱུག་བདག་ཅིག་ཡིན། ཁོ་རང་གིས་བཤད་སྲོལ་ལྟར་ན་ཁོའི་ཁྱིམ་ལ་ནོར་ལུག་སྟོང་གཅིག་དང་། ཤེད་ཤུགས་ཆེ་ལ་བང་རྩལ་མྱུར་བའི་རྟ་ཕོ་གཡུ་འབྲུག་འདྲ་བ་ལྔ། ཤ་དང་མར་སོགས་ཁྱིམ་དུ་རྩིག་པ་ཇི་བཞིན་བརྩིགས་ནས་བཞག་ཡོད་ཚུལ་གླེང་། གཡང་སྐྱབས་ཀྱིས་རང་ཁྱིམ་གྱི་དཔལ་འབྱོར་སྐོར་ཤོད་སྐབས། གཡང་ལུང་སྡེ་བའི་མི་རྣམས་ནི་ཁོའི་ཕྱོགས་སུ་འགྲམ་ཆུ་ལྡང་བཞིན་བལྟས་ནས་འདུག གང་ལྟར་ཀྱང་། དུས་དེ་ནས་བཟུང་། གཡང་སྐྱབས་ནི་སྡེ་བའི་ཕྱུག་བདག་ཅིག་ཡིན་པའི་གནས་ཚུལ་དེ་དགུན་དུས་ཀྱི་རྩྭ་ཐང་ཡངས་མོར་མེ་ཤོར་བ་ཇི་བཞིན་མི་གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད། བརྒྱ་ཡིས་སྟོང་ལ་བཤད་དེ་མཐར་སྡེ་བའི་ཁྱོན་ལ་ཁྱབ་སོང་བས། སྡེ་བའི་ཡུལ་མི་མང་པོས་དུས་རྒྱུན་ཁོམ་པ་བཙལ་ཏེ་ཁོའི་ཁྱིམ་དུ་སོང་ནས་ཁོ་ལ་ཁ་ཡག་ངོ་དགའི་གཏམ་སྙན་ཤོད་པ་དང་། ལ་ལས་ཁོ་དང་འབྲེལ་བ་བཙུགས་ཏེ་ཁོའི་ཉེ་སར་འགྲོ་གང་ཐུབ་བྱེད་ཀྱིན་འདུག
དབྱར་ཁའི་ཉིན་ཞིག སྡེ་དཔོན་ཚེ་རིང་གིས་གཡང་སྐྱབས་ཚང་ལ་རྟ་ཞིག་གཡོར་བར་སོང་། སྡེ་དཔོན་ཚེ་རིང་གིས་ངོ་གདོང་ལ་བཅོས་འཛུམ་ཞིག་བསྟན་ཞོར“ཨ་ཁུ་གཡང་སྐྱབས། ཁྱོད་ཚང་ལ་རྟ་ཕོ་ལྔ་དྲུག་ཙམ་ཞིག་ཡོད་པས། ཁྱོད་ཀྱིས་ང་ལ་དེ་རིང་རྟ་དེ་དག་ལས་གང་རུང་གཅིག་གཡར་ན་ཨེ་ཆོག”ཅེས་ཞུ་བ་ཕུལ་བས། ཨ་ཁུ་གཡང་སྐྱབས་ཀྱིས་ཀྱང་རང་གི་མགོ་བོ་ཅུང་ཟད་ཡར་ལ་དགྱེ་ནས་དབུགས་རིང་ཞིག་འཐེན་ཞོར“ང་ལ་རྟ་ལྔ་དྲུག་ཙམ་ཞིག་ཡོད་པ་བདེན་མོད། འོན་ཀྱང་། ད་ལོ་གནམ་གཏན་ནས་མ་བབས་པས། ངས་རྟ་ཕོ་དེ་དག་རྒྱང་རིང་ན་ཡོད་པའི་ང་རང་གི་སྤུན་མཆེད་གཅིག་གི་གམ་དུ་བསྐྱལ་བ་ཡིན། ད་ཅི་ཞིག་བྱས་ན་བཟང” ཞེས་བཤད་བྱུང་བས། སྡེ་དཔོན་གྱིས་ཀྱང་“དེ་འདྲ་ཡིན་ན་སྐྱོན་ཡོད་པ་མ་རེད”ཅེས་བཤད་དེ་རང་ཁྱིམ་དུ་ལོག
ཉིན་གཉིས་པར་སྡེ་བའི་སྔགས་པ་རྒྱ་མཚོ་ཡང་ཁོའི་གམ་དུ་ཡོང་ནས“ཨ་ཁུ་གཡང་སྐྱབས། ངེད་སྡེ་བའི་དགོན་པར་ཆོས་ལུགས་ཀྱི་ཆོ་ག་ཞིག་སྤེལ་རྩིས་ཡོད་མོད། ད་ལོ་ཆར་ཆུ་དཀོན་པས་དུད་ཚང་སོ་སོར་ཤ་མར་གྱི་དཀའ་ངལ་འཕྲད་འདུག ཁྱོད་ཚང་ནི་སྡེ་བའི་ཕྱུག་བདག་ཡིན་པས། ཁྱོད་ཀྱིས་ཤ་མར་རྒྱ་མ་འགའ་ཤས་དགོན་སྡེར་ཞལ་འདེབས་སུ་ཕུལ་ན་གང་འདྲ་འདུག”ཅེས་རང་གི་བསམ་ཚུལ་བཤད་པས། ཨ་ཁུ་གཡང་སྐྱབས་ནི་རེ་ཞིག་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་སྔགས་པ་རྒྱ་མཚོར་ལན་གསལ་བོ་ཞིག་གདབ་མ་ཐུབ། དེ་ནས་དུས་ཚོད་ཅུང་ཙམ་འདས་རྗེས་ཁོས་སླར་ཡང་མགོ་བོ་ཡར་ལ་དགྱེ་ནས“ང་ནི་སྡེ་བའི་ཕྱུག་བདག་ཡིན་པ་བདེན་མོད། འོན་ཀྱང་། ད་ལོ་ངས་བཤས་པའི་ནོར་ལུག་གི་ཤ་དང་། འབྲི་དང་བ་ཕྱུགས་ནས་བྱུང་བའི་མར་ཐམས་ཅད་ལྷ་སའི་ཇོ་བོ་མཇལ་བར་འགྲོ་མཁན་གྱི་གནས་མཇལ་བ་འགའ་ལ་བསྐུར་ཟིན་པས། ད་ནི་ཅི་ཞིག་བྱས་ན་བཟང”ཞེས་བཤད་པས། སྔགས་པ་རྒྱ་མཚོའི་གདོང་ནས་ཀྱང་འཛུམ་ཞིག་ཕྱིར་ཕྱུངས་བཞིན“དེ་འདྲ་བྱས་ན་གཅིག་པ་རེད། ཚང་མ་དཀོན་མཆོག་ལ་མཆོད་པ་འབུལ་བ་ཡིན་པས། གནས་གང་དུ་ཕུལ་ཀྱང་གཅིག་པ་རེད། ཁྱོད་ངོ་མ་བཟང་འདུག”ཅེས་བཤད་དེ་སྒོ་ཁར་བུད་སོང་།
གང་ལྟར་ཀྱང་། ནམ་རྒྱུན་སྡེ་བའི་ཡུལ་མི་མང་པོས་ཨ་ཁུ་གཡང་སྐྱབས་ཚང་ལ་བུད་ནས་ཁོ་ལ་དོན་དག་རེ་བསྒྲུབ་རྒྱུའི་སྐྱབས་འཇུག་ཞུས་ཚེ། ཁོས་སྔར་རྒྱུན་ལྟར་སྤོབས་པ་ཆེ་རུ་བསྐྱེད་ནས་མགོ་བོ་ཡར་ལ་དགྱེ་སྟེ་སྡོད་པ་ལས་དོན་སྣ་གཅིག་ཀྱང་བསྒྲུབ་མ་ཐུབ་པས། དུས་རྒྱུན་ཁོ་ཚང་ལ་ཡོང་སྟེ་ཁོ་ལ་ཁ་ཡག་ངོ་དགའི་ཚིག་སྙན་ཤོད་མཁན་དང་། ཁོ་ལ་བསྟོད་པ་དང་ཡིད་སྨོན་བྱེད་མཁན་གྱི་ཡུལ་མི་མཐའ་དག་ཁོ་ཚང་དུ་འགྲོ་བའི་ཁ་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་སོང་སྟེ་མཐར་སྡེ་བ་ཡོངས་སུ་ཁོ་ནི་སུས་ཀྱང་འབྲེལ་འདྲིས་བྱ་མི་འདོད་པའི་དུད་ཚང་ཞིག་ཏུ་གྱུར་སོང་། དེ་ནས་ཟླ་ཤས་འདས་རྗེས། སྡེ་བའི་སྲང་ལམ་གྱི་ཁྱོན་དུ་བྱིས་པ་འགས་ངག་ནས་“ཨ་ཁུ་གཡང་སྐྱབས། ཁྱོད་ལ་མར་ཡོད་པས། ང་ལ་མར་མ་གཏོགས་ཚང་མ་ཡོད། ཨ་ཁུ་གཡང་སྐྱབས། ཁྱོད་ལ་ཤ་ཡོད་པས། ང་ལ་ཤ་མ་གཏོགས་ཚང་མ་ཡོད། ཨ་ཁུ་གཡང་སྐྱབས། ཁྱོད་ལ་རྟ་ཡོད་པས། ང་ལ་རྟ་མ་གཏོགས་ཚང་མ་ཡོད། ཨ་ཁུ་གཡང་སྐྱབས། ཁྱོད་ལ་ནོར་ཡོད་པས། ང་ལ་ནོར་མ་གཏོགས་ཚང་མ་ཡོད……”ཅེས་གླུ་ཞིག་ལེན་གྱིན་འདུག་པས། མཐར་བྱིས་པ་དེ་ཚོའི་གླུ་གཞས་དགོད་བྲོ་བོ་དེ་སྡེ་བའི་ཁྱོན་ལ་དྲི་བཞོན་ཇི་བཞིན་དལ་གྱིས་ཁྱབ་སོང་། དལ་གྱིས་ཁྱབ་སོང་། །
འབྲེལ་ཡོད་གསར་འགྱུར།