རྒྱུགས་སྤྲོད་མན་ངག་སློབ་ཆེན་སྒོ་མོ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །
ནམ་ཞག་རྒྱུན་ནས་སློབ་ལ་བརྩོན་ན་ཡང་། །
རྒྱུགས་ཚད་གཏོང་དུས་ཐབས་ཀྱིས་མ་འདང་ན། །
རང་བློར་བབས་པའི་རྒྱུགས་འབྲས་བཟང་པོ་ཞིག །
འཐོབ་པར་དཀའ་བས་རྒྱུཌ་སྤྲོད་ཐབས་འདི་གཅེས། །
རྒྱུགས་ཚད་སྔོན་གྱི་ཉིན་ཞག་འགའ་ཡི་ནང་། །
དུས་ཐོག་ཉལ་ནས་ངལ་གསོ་བྱེད་པ་ལས། །
འཕྱི་པོར་སྡོད་ཅིང་ཨུ་ཚུགས་བྱེད་པ་དེས། །
ཀླད་པའི་རྒྱུན་ལྡན་ནུས་པར་གནོད་སྐྱོན་ཐེབས། །
རྒྱུགས་རར་སྐར་མ་བཅོ་ལྔའི་སྔ་སྣུར་དུ། །
བསླེབས་པ་དགོས་ཤིང་དགོས་ངེས་མཁོ་ཆས་དག །
ཚང་བར་ཁྱེར་ལས་ཕྱི་འབྱོར་བོར་བརླག་གིས། །
རང་སེམས་ལྷོད་པོར་གནས་པའི་གོ་སྐབས་བརླཌ། །
རྒྱུཌ་རར་འཛུལ་རྗེས་འཚབ་སྣང་དངངས་སྐྲག་རིཌ། །
སྐྱེ་བའི་དུས་སུ་དབུགས་རིང་གཏོང་བ་སོགས། །
སེམས་པ་ལྷོད་ལ་འབེབས་ཐབས་བྱེད་པ་ལས། །
དགོས་མེད་དངངས་སྐྲག་དབང་དུ་འགྱུར་མི་རུང་། །
རྒྱུགས་ཤོག་ལག་ཏུ་ལོན་རྗེས་དང་ཐོག་མར། །
ཤོག་ལྷེ་ཆད་ལྷག་ཡོད་མེད་ལ་སོགས་པའི། །
དགོས་ངེས་ཞིབ་བཤེར་ནན་པོར་བྱེད་པ་ལས། །
ཐམ་ཐོམ་ངང་ནས་རང་དགར་འདུག་མི་ཉན། །
དེ་ནས་རང་མིང་ལ་སོགས་འབྲེལ་ཡོད་ཀྱི། །
ཆ་འཕྲིན་དག་པར་བྲིས་ནས་རྒྱུགས་རྟོག་པས། །
རྒྱུགས་ལན་བྲིས་ན་འགྲིག་པའི་བརྡ་གཏོང་བར། །
སྒུག་ནས་སྡོད་ལས་རྒྱུགས་ལན་འབྲི་མི་རུང་། །
རྒྱུགས་ལན་འབྲི་འགོ་རྩོམ་པའི་བརྡ་གོ་རྗེས། །
ཅི་ཤེས་སྔོན་དང་མ་ཤེས་ཐེ་ཚོམ་རིགས། །
གཞུག་ལ་འབྲི་བའི་གོ་རིམ་ཡང་དག་གིས། །
རྒྱུགས་ལན་ཕུལ་ལས་གོ་རིམ་འཆོལ་མི་རུང་། །
དཀའ་བའི་དྲི་བར་ཡུན་རིང་འགོར་བ་ཡིས། །
སླ་བར་ལན་འདེབས་བྱེད་པའི་དུས་ཚོད་དག །
འཕྲོ་བརླག་ཤོར་ན་ཤིན་ཏུ་མི་འོས་པས། །
དུས་ཀྱི་བགོ་བཤའ་འཚམ་པར་རྒྱག་པ་གཅེས། །
དྲི་བ་ཅི་ཡོད་ནན་པོར་མ་བཀླགས་ན། །
ཧ་ཅང་སླ་བའི་དྲི་བ་དག་ལ་ཡང་། །
དྲིས་ལན་འདེབས་སྟངས་ནོར་བའི་ཉེན་ཆེ་བས། །
རོབ་ཙམ་མ་ཡིན་ནན་པོར་ཀློག་པ་གཅེས། །
འདེམས་འཇུག་རིགས་ཀྱི་དྲི་བ་མཐའ་དག་ལ། །
འབུད་ཐབས་སྤྱད་ན་གདམ་བྱ་ལས་སླ་པོར། །
ལྷང་ལ་བུད་པས་དུས་ཚོད་གྲོན་ཐུབ་ན། །
ཐབས་དེ་ལེགས་པར་སྤྱོད་པ་ཤིན་ཏུ་གཅེས། །
རྒྱུགས་ཚད་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་། །
བློ་རྩེ་གཅིག་སྒྲིམ་དགོས་ལས་སྐར་ཆ་ཙམ། །
གཞན་ལ་གཡེངས་ཀྱང་གཏན་ནས་མི་འོས་པས། །
འགོ་ནས་གཞུག་བར་རིག་པ་སྒྲིམས་པ་གཅེས། །
རྒྱུགས་རར་མ་ཞུགས་སྔོན་ནས་བཟའ་བཏུང་དག །
ཚད་དང་རན་པར་བསྟེན་ལས་རྒྱགས་དྲགས་ན། །
དགོས་མེད་གསང་སྤྱོད་ཐེངས་གཅིག་འགྲིམས་པས་ཀྱང་། །
སྐར་ཆ་འགའ་ཡི་དུས་ཚོད་འཕྲོ་བརླག་ཤོར། །
གལ་ཏེ་གསང་སྤྱོད་ངེས་པར་འགྲིམ་དགོས་ཀྱང་། །
རྒྱུགས་རྟོག་པ་ཡི་ཆོག་མཆན་ཐོབ་དགོས་ལ། །
ཐོབ་ཀྱང་མྱུར་བར་བཙོག་གཅིན་གཏོང་བ་ལས། །
དལ་དལ་ལྷོད་ལྷོད་བྱས་ན་ག་ལ་འགྲིག །
རྒྱུགས་ཤོག་སྟེང་དུ་བཀོད་པའི་རྒྱུགས་ལན་དག །
ལན་འདེབས་ཤོག་བྱང་ཐོག་ཏུ་སྤོ་བའི་ཚེ། །
དོ་ནན་དགོས་ལས་སྣང་ཆུང་བྱས་འགྱུར་ན། །
བཤུ་སྟངས་ནོར་བས་མི་འོས་གྱོང་གུན་ཕོག །
རྒྱུགས་ལན་འབྲི་དུས་ཡིག་གཟུགས་ཅི་ཐུབ་ཀྱིས། །
ཚད་ལྡན་དགོས་ལས་ཟང་ཟིང་ཆེ་དྲགས་ན། །
ཐོབ་འོས་སྐར་མ་དག་ཀྱང་དོན་མེད་དུ། །
ཐོབ་པའི་གོ་སྐབས་བརླག་སྲིད་ཡིག་གཟུཌ་གཅེས། །
དྲི་བ་འགའ་ཡི་དྲིས་ལན་མ་ཤེས་སྐབས། །
སྟོང་པ་འཇོག་རྐྱང་བྱེད་པའི་གོམས་གཤིས་དེ། །
རིང་དུ་དོར་ནས་རང་བློས་དཔོག་ཚོད་ཀྱིས། །
དྲིས་ལན་གང་ཐུབ་འབྲི་ལས་བསྐྱུར་མི་རུང་། །
ལྷག་པར་འདེམས་འཇུག་རིགས་ཀྱི་དྲི་བ་ལ། །
གདམ་བྱ་གང་རུང་བདམས་ན་འགྲིག་སྲིད་པས། །
སྟོང་པར་འཇོག་པ་བླུན་པོའི་རྟགས་ཡིན་པས། །
ཡེ་ནས་སྟོང་པར་མ་ཞོག་གང་རུང་འདོམས། །
རྒྱུགས་ཚད་སྔོན་ནས་དགེ་བའི་བཤེས་རྣམས་ཀྱིས། །
དྲིས་ལན་འདེབས་སྟངས་བསླབས་པ་ཇི་བཞིན་དུ། །
ལན་གྱི་འདེབས་སྟངས་ཚད་ལྡན་དགོས་པ་ལས། །
ཟང་ཟིང་ཡར་མར་ཐིག་གིས་འཐེན་པ་སྐྱོན། །
རྒྱུགས་ལན་ཚང་བར་བྲིས་ཟིན་ད་དུང་ཡང་། །
ལྷག་འཕྲོའི་དུས་ཚོད་བྱུང་ན་རྒྱུགས་ཤོག་དེ། །
ལམ་སེང་བསྡུ་བའི་བྲེལ་བ་མི་བྱེད་པར། །
འགོ་ནས་གཞུག་བར་ཞིབ་བཤེར་བྱེད་པ་གཅེས། །
སྒོས་སུ་སྐད་ཡིག་རྒྱུགས་ཚད་གཏོང་དུས་སུ། །
མདུན་གྱི་དྲི་བ་གཞུག་གི་རྩོམ་ཡིག་ལ། །
དུས་ཚོད་བགོ་བཤའ་འཚམ་པར་མ་བྱུང་ན། །
མཇུག་འབྲས་ངན་པ་ཅི་ཡང་ཐོན་སྲིད་དོ། །
དཔེར་ན་མདུན་གྱི་ནང་དོན་འབྲི་བ་ལ། །
དུས་ཚོད་སྤྱད་དྲགས་རྩོམ་ཡིག་འབྲི་དུས་སུ། །
དུས་ཚོད་ཉུང་ཤས་ཤིག་ལས་མ་ལྷག་ན། །
རྩོམ་ཡིག་ལེགས་པོ་འབྲི་བའི་ཁོམ་པ་བརླགས། །
དུས་ཀྱིས་མི་འདང་སྙམ་ནས་མགྱོགས་དྲགས་ན། །
དྲིས་ལན་མང་པོ་ནོར་སྲིད་མགྱོགས་ཚད་དེ། །
གྱང་ལྡེབས་ཆུ་ཚོད་ཚད་དུ་བཞག་ནས་ནི། །
མགྱོགས་ཚད་རན་པར་འབྲི་བ་ཧ་ཅང་གཅེས། །
གལ་ཏེ་དམིགས་བསལ་གནས་ཚུལ་མ་ཐོན་ཚེ། །
ལན་འདེབས་ཤོག་བྱང་བསྐྱར་དུ་བརྗེ་བ་དེས། །
དོན་མེད་དུས་ཚོད་འཛད་པའི་རྒྱུ་བྱེད་པས། །
ཐོག་མ་ཉིད་ནས་གཟབ་གཟབ་བྱེད་པ་གཅེས། །
དེ་ནས་རྩོམ་ཡིག་འབྲི་བའི་གནས་སྐབས་སུ། །
རྩོམ་གྱི་དཔྱད་གཞིར་གོ་བ་མ་བླངས་ན། །
བརྗོད་སྙིང་དཔྱད་གཞི་དག་དང་བྲལ་གྱུར་བས། །
སྐར་མ་མང་པོ་ཐོབ་པའི་རེ་བ་བྲལ། །
གཞན་ཡང་རྩོམ་གྱི་ཡིག་གཟུགས་ཁམས་གཙང་ལ། །
དུམ་མཚམས་དབྱེ་བ་གསལ་པོ་དགོས་པ་དང་། །
རྗོད་བྱེད་ཚིག་སྦྱོར་གནད་འཁེལ་མཛེས་པ་དང་། །
ཡིག་འབྲུའི་མང་ཉུང་འདང་ངེས་དགོས་པ་གཅེས། །
རྒྱུགས་ཚད་རེ་རེ་ཚར་མཚམས་ཕན་ཚུན་དབར། །
རྒྱུཌ་ལན་འགྲིག་མིན་བསྡུར་བའི་བྱེད་སྟངས་དེས། །
རང་སེམས་འཁྲུགས་ནས་རྒྱུགས་ཐུན་རྗེས་མ་ལ། །
ཤུགས་རྐྱེན་ངན་པ་བཟོ་བས་མི་བསྡུར་གཅེས། །
རྒྱུགས་ཐུན་རེ་རེ་བཏང་ཟིན་ཉིན་གུང་གི །
བར་མཚམས་སྤྱད་དེ་སྐར་མ་ཉི་ཤུ་ཙམ། །
གཉིད་ཐུན་རེ་རེ་ལོག་ན་ཐུན་རྗེས་མར། །
དམིགས་བསལ་ནུས་པ་ཐོན་པར་ཀུན་གྱིས་གླེང་། །
མི་ཚེ་རྒྱུགས་ཀྱིས་བསྐྱལ་བའི་ཁོ་བོ་ཡིས། །
རང་གི་ཉམས་མྱོང་ཅི་དྲན་ཕྱོགས་སྡོམ་གྱིས། །
མཐོ་གསུམ་སློབ་མ་དག་ལ་ཕུལ་བ་དེས། །
ཚང་མར་འབྲས་བཟང་སྨིན་པའི་བཀྲ་ཤིས་ཤོག །
འབྲེལ་ཡོད་གསར་འགྱུར།