དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • གནའ་བོའི་བོད་ཤོག་བཟོ་རྩལ་དར། རྒྱུན་འཛིན་ལས་ལ་འབད་པས་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-07

    ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་2000ལོར་སྐྱེས་པའི་སློབ་ཆེན་སློབ་མ་བསམ་གྲུབ་ཀྱིས་ཕའི་དྲུང་ནས་བོད་ཤོག་གི་བཟོ་རྩལ་བརྒྱུད་རིམ་ཧྲིལ་པོ་སྦྱངས་པ་དང་ཆབས་ཅིག ཤིང་བཟོ་སོགས་སྲོལ་རྒྱུན་ལག་རྩལ་སྦྱངས་ཏེ་སོག་རྫོང་གི་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་ཚོང་ཁང་བཙུགས་པ་རེད། ཚོང་གཉེར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། ཚོང་ཁང་གིས་རིམ་རྩིས་བརྒྱབ་ན་ཐོན་རྫས་500ལྷག་ཙམ་བཙོངས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པའི་ནང་བོད་ཤོག་ཐོན་རྫས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད། “00ནང་སྐྱེས”ཀྱི་རྒྱུན་འཛིན་པ་དེས་རང་སོ་སོའི་བྱེད་ཐབས་ལ་བརྟེན་ནས་གནའ་བོའི་བོད་ཤོག་དེ་ཉིད་མི་མང་པོའི་འཚོ་བའི་ནང་ཁྱབ་པར་བྱས་ཡོད།

    བསམ་གྲུབ་ཀྱི་ཚོང་ཁང་དུ་སྐྱོད་སྐབས་དེ་གར་བོད་ཤོག་དང་། བོད་བཟོའི་ཕྲེང་བ། བོད་བཟོའི་ཁྱིམ་ཆས་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་བསྒྲིགས་འདུག ཐོན་རྫས་ཚང་མར་ལག་ཤེས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་ལ། དམིགས་བསལ་ཆེ་ཤོས་ཤིག་ནི་བོད་ཤོག་དེ་དག་རྒྱབ་ཀྱི་གཏམ་རྒྱུད་རེད།

    ཚོང་ཁང་དང་བར་ཐག་མི་རིང་བའི་སར་བསམ་གྲུབ་དང་ཕའི“ཐོན་སྐྱེད་འཁོར་ཁང”ཡོད། དུས་རྒྱུན་ཕ་བུ་གཉིས་ཀྱིས་ཁྱིམ་དུ་ལྕགས་ཀྱི་ཡོ་བྱད་དང་། ཤིང་གི་ཡོ་བྱད། བོད་ཤོག་སོགས་བཟོས་ཏེ་ཕྱིར་ཚོང་ཁང་དུ་དབོར་ནས་འཚོང་གི་ཡོད། མ་བཅོས་རྒྱུ་ཆ་ནས་ཐོན་རྫས་བར་དང་ཁྱིམ་ཚང་གི་བཟོ་ཁང་ནས་གྲོང་གསེབ་ཀྱི་ཚོང་ཁང་བར་བབ་ཆགས་པའི་ཐོན་སྐྱེད་དང་ཕྱིར་ཚོང་གི་སྦྲེལ་ཐག་འདིར་མི་རབས་5ཡི་ལག་རྩལ་འདུས་ཡོད་ལ། ན་གཞོན་ཞིག་གི་ལས་གཏོད་ཕུགས་འདུན་ཡང་འདུས་ཡོད།

    བསམ་གྲུབ་ནི་སོག་རྫོང་དཀར་སྨད་ཤང་འཕྲང་ཁ་གྲོང་ཚོར་སྐྱེས་ཤིང་། སློབ་ཆེན་ཐོན་རྗེས་ཁོང་གིས་གླ་པ་དང་མངགས་སྐྱེལ་པ་བྱེད་མྱོང་ལ། ཨར་སྐྲུན་ལས་གྲྭའི་ལག་རྩལ་སོགས་ཀྱི་ལས་ཀའང་བྱེད་མྱོང་། ལག་ལེན་ཁྲོད་ཉམས་མྱོང་བསགས་པ་དང་མཐོང་རྒྱ་ཆེ་རུ་སོང་རྗེས་བསམ་གྲུབ་ཀྱིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད།

    བསམ་གྲུབ་ཀྱི་ཕ་འཕྲིན་བཟང་གིས“ང་ཚོའི་ཁྱིམ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་དང་དེ་བས་བོད་ཤོག་བཟོ་རྩལ་ནི་མི་རབས་5ཙམ་རྒྱུན་འཛིན་བྱས་ཡོད། ད་ཆ་ང་ལོ་ན་རྒས་ཏེ་མིག་གིས་ཡག་པོ་མི་མཐོང་བ་དང་ལུས་ཤུགས་ཀྱང་ཉམས་ནས་ལས་ཀ་མང་པོ་ཞིག་བྱེད་ཐབས་བྲལ་སྟབས་ལག་རྩལ་ཚང་མ་ཕྲུ་གུར་བསླབས་པ་ཡིན། བུ་ཡིས་སྲོལ་རྒྱུན་གྱི་ལག་རྩལ་འདི་རྒྱུན་འཛིན་དང་དར་སྤེལ་བཏང་ནས་འབབ་འཕར་ཡོང་བ་དང་ཆབས་ཅིག་ལག་རྩལ་འདི་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ངེས་ཡིན་པའི་ཡོད་ཆེས་ཡོད”ཅེས་བརྗོད།

    ཕ་མེས་རྣམས་དང་མི་འདྲ་བ་ཞིག་ལ། བསམ་གྲུབ་ཀྱིས་ཐོན་སྐྱེད་ལས་རིམ་ཞིབ་ཕྲ་དབྱེ་ཡོད་པ་སྟེ། བོད་གྲི་ཆུང་བ་དང་བོད་བཟོའི་ཁྱིམ་ཆས་སོགས་སྲོལ་རྒྱུན་གྱི་ཉེར་སྤྱོད་རིགས་ཀྱི་ཐོན་རྫས་ཀྱིས་མཁོ་མཁན་རྙིང་པ་ཚོའི་དགོས་མཁོ་སྐོང་གི་ཡོད་པ་དང་། བོད་ཤོག་དང་བོད་བཟོའི་ཕྲེང་བ་སོགས་རིག་གནས་མཛེས་དཔྱོད་རིགས་ཀྱི་ཐོན་རྫས་གཙོ་བོར་བཟོ་བཞིན་ཡོད་ལ། དེ་དག་ནི་ན་གཞོན་འཛད་སྤྱོད་པ་དང་ཡུལ་སྐོར་བར་དམིགས་པ་ཞིག་རེད། “དེ་སྔོན་འདི་དག་ནི་ཕ་མེས་ནས་བརྒྱུད་ཡོང་བའི་ལག་རྩལ་རྙིང་པ་ཙམ་རེད་སྙམ་གྱི་ཡོད། ས་ཕྱོགས་གང་སར་མྱུལ་ནས་ཕྱིར་ལོག་རྗེས། གཞི་ནས་འདི་ནི་གཞན་གྱིས་རྒྱུ་ནོར་གྱིས་ཉོ་ཐབས་མེད་པའི་ཕ་ནོར་རྩ་ཆེན་ཡིན་པ་ཚོར་བྱུང”ཞེས་བསམ་གྲུབ་ཀྱིས་བཤད།

    མིག་སྔར། བསམ་གྲུབ་ཀྱིས“འབད་འབུངས་འཕྲིན་བཟང”ཞེས་པའི་ཚོང་རྟགས་ཐོ་འགོད་བྱས་ཏེ། བོད་ཤོག་དང་བོད་བཟོའི་ཕྲེང་བ་སོགས་ཀྱི་ཐོན་རྫས་སྣ་ཚོགས་ཁྲོམ་ར་ཡངས་པོར་ཁྱབ་པའི་ཆེད་སྤུས་རྟགས་ཀྱི་རྨང་གཞི་བཏིང་ཡོད། དུས་རྒྱུན་ཁོང་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་རིམ་ཁག་རྩ་འཛུགས་ཀྱི་ལས་གཏོད་འགྲེམས་སྟོན་དང་ཚོང་འདུས་ལ་ཧུར་ཐག་ཞུགས་ཀྱི་ཡོད་ཅིང་། མི་རབས་ལྔས་རྒྱུན་འཛིན་བྱས་པའི་བོད་ཤོག་བཟོ་རྩལ་གཞན་ཡུལ་དུ་སྤེལ་ནས། སོག་རྫོང་གི་ལག་ཤེས་བཟོ་རྩལ་གྱི་རིན་ཐང་དེ་མི་མང་པོར་མཐོང་དུ་བཅུག་པ་རེད།

    གླ་པ་རྒྱུག་མཁན་ཕལ་བ་ཞིག་ནས་ད་ཆའི་ལས་གཏོད་ཀྱི་སྣེ་ཁྲིད་པར་གྱུར་བའི་བར། བསམ་གྲུབ་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས། མི་རབས་5ཡིས་རྒྱུན་འཛིན་བྱས་པའི་ལག་རྩལ་རྒྱུན་མ་ཆད་པར་དར་འཕེལ་ཡོང་བ་དང་། དེ་ཡང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ནི་སེམས་རྩེ་གཅིག་ཏུ་རྒྱུན་འཛིན་དང་གསར་གཏོད་ཕོད་པ་བྱེད་དགོས་ལ། ན་གཞོན་ཚོས“ལག་ཤེས་བཟོ་རྩལ་རྙིང་པ”ནས“རྒྱུ་ནོར་གསར་པར”བསྒྱུར་བར་བྱས་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས་པའི་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།