དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • བཀྲ་ཤིས་ཕུན་ཚོགས་དང་དངུལ་ལོར་བཤམས་སྟོན་ཁང་གི་ལས་འབྲེལ་ཟབ་མོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-07

    འདི་ནི་བཀྲ་ཤིས་ཕུན་ཚོགས་ཀྱིས་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་དངུལ་ཊམ་ལེགས་སྒྲིག་བྱེད་བཞིན་པ།

    འདི་ནི་བོད་ལྗོངས་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་ཡིན་པ།

    ལྷོ་ཁ་གོང་དཀར་རྫོང་གི་གྲོང་གསེབ་ཀྱི་ཕྱུགས་རྫི་ཆུང་ཆུང་ཞིག་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་དུ་ཕྲུ་གུ་8ཡོད་པ་དང་། ཁོ་པར་སློབ་གྲྭ་འགྲིམ་སྐལ་བྱུང་མེད། ཆུང་དུས་ཀྱི་དྲན་ཤེས་མང་ཤོས་ནི་ཕྱུགས་འཚོ་བ་དེ་ཡིན་པ་དང་སྐབས་དེ་དུས་ཁོང་གི་བསམ་པར་རང་ཉིད་མི་ཚེ་གཅིག་ཕྱུགས་འཚོ་དགོས་ཀྱི་རེད་སྙམ་གྱི་ཡོད།

    ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཁོང་གིས་ལྷ་སའི་དོག་སྡེ་ཤང་དུ་དངུལ་ལོར་བཤམས་སྟོན་ཁང་ཞིག་བཙུགས། ཐོག་སོ་དྲུག་ཡོད་པའི་བོད་བཟོའི་ཁང་པ་དེའི་ནང་ཁོང་གིས་མི་ཚེ་ཕྱེད་ཀ་ལྷག་ཙམ་རིང་འཚོལ་བསྡུ་དང་ཉར་ཚགས་བྱས་པའི་དངོས་རྫས་ཁྲི་3ལྷག་ཙམ་ཡོད།

    ཕྱུགས་རྫི་ཆུང་ཆུང་ཞིག་ནས་ཀོན་ཀྲང་ལ་གྱུར་པའི་བར་ཁོང་གི་མི་ཚེ་ཕྱེད་ཀ་ལྷག་ཙམ་འདས་ཟིན།

    ལོ་18སྐབས་རྫོང་ནས་དམག་མི་བསྡུས་པ་དང་ཁོང་དམག་མིར་ཞུགས། དེ་རྗེས་དྲག་ཆས་ཉེན་རྟོག་སྨན་ཁང་དུ་ལས་བགོས་བརྒྱབ་ཅིང་། ཐོག་མར་མ་བྱན་དང་བར་དུ་མཛོད་ཁང་སྲུང་མཁན་བྱས་པ་དང་ཕྱིས་སུ་གཉེར་པའི་འགན་བླངས་པའི་བར་ལོ་13ཙམ་སོང་ཡོད། དེའི་རིང་རྒྱ་རིགས་ལས་རོགས་ཤིག་གིས་ཁོམ་པ་ཡོད་རིམ་བཞིན་ཚང་མར་རྒྱ་སྐད་བསླབས་པས་ཁོང་གིས་གོ་སྐབས་དམ་འཛིན་བྱས་ཏེ་རྒྱ་སྐད་ཧུར་ཐག་སྦྱངས། སྐབས་དེ་དུས་ནས་ཁོང་གིས་རིག་གནས་སྦྱོང་རྒྱུ་འཐུས་ཤོར་དུ་གཏོང་མི་རུང་བ་ཤེས་ཀྱི་ཡོད།

    ལས་སྒྱུར་གྱི་ལོ་དེར་རི་འཛེག་མཐུན་ཚོགས་དང་། ཁྲིམས་འཛིན་ཅུས། སྤྱི་བདེ་ཅུས་བཅས་ལས་ཁུངས་ཁྲོད་ནས་ཁོང་གིས་སྤྱི་བདེ་ཅུས་བདམས་ཤིང་། སྤྱི་བདེའི་ལས་གོས་གྱོན་པའི་ཉིན་དེ་ནས་བཟུང་ཁོང་གིས་ཐོག་མཐའ་བར་གསུམ་དུ་ལས་གནས་དེར་དགའ་ཞེན་ཆེན་པོ་བྱས།

    ལོ་50ལ་སླེབས་པའི་ཁོང་2014ལོར་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཆེན་ནས་རྒན་ཡོལ་ཞུས།

    དེ་ནས་ཁོང་གིས་དངུལ་ལོར་བཤམས་སྟོན་ཁང་ཞིག་འཛུགས་རྒྱུའི་སེམས་ཐག་བཅད།

    2016ལོར་ཨར་སྐྲུན་བྱེད་འགོ་ཚུགས་པ་དང་ས་ཆ་དེ་ལོ་བརྒྱའི་གོང་གི་དོག་སྡེའི་དངུལ་ལོར་བཟོ་ཁང་གནས་ཡུལ་ལྷ་ས་དོག་སྡེ་ཁྲོམ་གཞུང་གི་གྲོང་ཚོར་བདམས། ས་ཆ་དེ་ཐོབ་ཆེད་ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་ཏུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་དང་སྙན་དཔོད་བྱས་ནས་མོས་མཐུན་ཐོབ་རྗེས་དུད་ཚང་23དང་གྲོལ་མོལ་བྱས་པ་བརྒྱུད་ས་ཆ་མུའུ་20རག་པ་རེད།

    ཁོང་གིས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་ཡོད་པའི་ཁང་པ་དང་ཕྲུ་གུར་ཉོས་པའི་ཁང་པའང་བཙོངས་པ་རེད། གན་རྒྱ་འཇོག་པའི་ཉིན་དེར་ཁོང་གི་བཟའ་ཟླས“ཁང་པ་མེད་ཀྱང་ཕྱིས་སུ་ཉོས་ན་ཆོག གལ་སྲིད་ཁྱེད་ཀྱིས་ལས་ཀ་ཁོ་ནར་བསམས་ནས་གཟུགས་པོར་ཅ་ག་མ་བྱས་ན་ཁྱིམ་གྱི་ཀ་བ་འགྱེལ་ངེས་རེད”ཅེས་སེམས་ཁྲལ་ཆེན་པོས་བཤད།

    ལོ་དེ་དག་རིང་། ཁོང་གིས་ཆར་རླུང་ལ་མ་འཛེམས་པར་ཉིན་ལྟར་ལས་ཡུལ་དུ་ལྟ་བར་བསྐྱོད་པས་གདོང་པ་ནག་པོར་གྱུར། གཟུགས་པོ་མི་བདེ་བའི་སྐབས་ཁོང་གིས་གདན་འཁྱེར་ནས་བཤམས་སྟོན་ཁང་གི་འོག་ཏུ་ཡོད་པའི་ཤིང་ནགས་ཁྲོད་དུ་ངལ་ཕྲན་ཙམ་གསོ་བར་འགྲོ་གི་ཡོད། དཀའ་ལས་ཇི་ཙམ་ཆེ་ནའང་ཁོང་གིས་ཐོག་མཐའ་བར་གསུམ་དུ་མཚམས་འཇོག་མྱོང་མེད།

    2021ལོར་ཁོང་རྒྱལ་ཡོངས་ཀྱི་གཞུང་ཁོངས་མིན་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་གསོ་སྦྱོང་འཛིན་གྲྭར་ཞུགས་ནས། བོད་ཀྱི་གསོ་སྦྱོང་ནང་ཞུགས་པའི་དམངས་གཉེར་རྟེན་མཛོད་ཁང་གི་ཀོན་ཀྲང་ཁག་དང་པོར་གྱུར། 2022ལོར་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་བོད་ལྗོངས་དོག་སྡེ་དངུལ་ལོར་བཤམས་སྟོན་ཁང་འཛུགས་རྒྱུའི་མོས་མཐུན་བྱས་པའི་བཀའ་མཆན་བཀྲམ་པ་རེད།

    ད་ཆ་བཤམས་སྟོན་ཁང་དུ་ཉར་ཚགས་དངོས་རྫས་ཁྲི་3ལྷག་ཙམ་ཡོད་པར་དངུལ་ལོར་དང་། འབྲུ་རིགས་སྤ་སེ། གནའ་རྫས་སོགས་མང་པོ་ཚུད་ཡོད་ཅིང་། ཕ་མས་བཞག་པའི་དངུལ་ལོར་རས་ཁུག་གང་དེ་ཕུད་མང་ཆེ་བ་ནི་ཁོང་གིས་ལོ་མང་རིང་ས་ཕྱོགས་ཁག་ནས་འཚོ་བསྡུ་བྱས་པ་ཤ་སྟག་རེད།

    རྟེན་མཛོད་ཁང་དེའི་རྩ་ཆེ་ཤོས་ནི“ཆན་ལུང་པའོ་གཙང”དང“ཞོ་གང”ཡིན། “ལོ་བཞི་བརྒྱ་ལྔ་བརྒྱ་ལྷག་ཙམ་གྱི་གོང་། བོད་དུ་འགྲོ་རྒྱུག་བྱེད་པའི་དངུལ་ཊམ་ཁག་4ཙམ་ཡོད་ཅིང་། ‘ཆན་ལུང་པའོ་གཙང’བཏོན་པས་དངུལ་ལོར་གཅིག་གྱུར་བྱུང་བ་རེད། འདི་ནི་རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་ཐད་མཐོང་གི་གཞི་རྟེན་ཞིག་རེད”

    “ཞོ་གང”སྐོར་གླེང་སྐབས། ཁོང་གིས་ཆུང་དུས་ཕྱུགས་འཚོ་སྐབས་ཀྱི་སྐྱིད་སྣང་དེ་དག་ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་འཆར།

    2023ལོའི་ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་ཉིན་མོ་ཡིན་པ་དང་། དེ་ཉིན་དངུལ་ལོར་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེ་ཞིང་། བཀྲ་ཤིས་ཕུན་ཚོགས་ཀྱིས་མི་ཚོགས་ཀྱི་རྒྱབ་ཏུ་ལངས་ནས་ལྟ་སྐོར་བ་ཁག་དང་པོ་འཛུལ་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཏེ་སྡིངས་ཆའི་ཐོག་ཤིས་ཚིག་ཤོད་སྐབས་ལག་པ་ཡང་འདར་སིག་སིག་བྱེད།

    བཤམས་སྟོན་ཁང་སྒོ་ཕྱེ་བ་ནས་ད་བར། དངུལ་ལོར་བཤམས་སྟོན་ཁང་གིས་ལོ་ལྟར་ལྟ་སྐོར་བ་ཁྲི་གཅིག་ཡས་མས་ལ་སྣེ་ལེན་ཞུས་ཤིང་། རིན་མེད་ངང་སྒོ་ཕྱེ་བ་དང་འགྲེལ་བཤད་རྒྱག་གི་ཡོད། རྣམ་གྲངས་ཆེན་པོ་དེ་ལས་ཡོང་འབབ་གང་ཡང་མེད་ནའང་ཁོང་གིས་སྔར་བཞིན་རང་ཉིད་ཀྱི་གསོག་དངུལ་བཏང་སྟེ་རྒྱུན་ལྡན་གྱི་གཉེར་སྐྱོང་ལ་ཁ་གསབ་བྱེད་ཀྱི་ཡོད།

    ཚང་མས་ཁོང་ལ་འགྱོད་པ་སྐྱེ་གི་མི་འདུག་གམ་ཞེས་འདྲི་སྐབས། ཁོང་གིས་ལོ་དེ་དག་ནང་ཁང་པ་བཙོངས་པ་དང་ལས་ཡུལ་དུ་ལས་ཀ་བྱེད་པར་བསྐྱོད་པ་སོགས་ཀྱི་གནས་ཚུལ་གླེང་ནས་འགྱོད་པ་སྐྱེ་མྱོང་མེད་ཅེས་བཤད།

    “འཚོ་བའི་སྐབས་སུ་ཁ་ཡོད་ལག་ཡོད་ཀྱི་བྱ་བ་མང་ཙམ་བསྒྲུབས་ནས་མི་ཚེ་སྟོང་ཟད་དུ་གཏོང་མི་རུང་། དངུལ་ལོར་དེ་དག་གི་ལོ་རྒྱུས་དང་། དངོས་རྫས་རྙིང་པ་དེ་དག་གི་དྲན་འཆར། ས་སྟོང་དུ་སོ་ཕག་རེ་རེ་དང་རྫ་གཡམ་རེ་རེ་ལས་བསྐྲུན་པའི་བཤམས་སྟོན་ཁང་དེ་ནི་ཅི་ཞིག་ལས་ཀྱང་རིན་ཐང་ཆེ”

    ཕྱུགས་རྫི་ཆུང་ཆུང་དེ་ད་ཆ་ལོ་62ལ་སླེབས་ཡོད།

    “ཆུང་དུས་ཤི་རྒྱུར་སྐྲག་རུང་ད་ཆ་སྐྲག་གི་མི་འདུག བཤམས་སྟོན་ཁང་དེས་ངའི་ཚབ་བྱས་ནས་ས་རྡོ་ཇི་བཞིན་ནམ་ཡང་གནས་རྒྱུ་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།