ས་མཐོའི་སྐྱེ་ཁམས་ཉམས་སུ་མྱོང་། རང་བྱུང་ཁམས་ལ་ཤེས་རྟོགས་བྱེད།
བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་སྤྲོ་འཕེལ་སྤྱི་ཚོགས་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ནི་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་གསལ་འགྲེལ་པས་གསལ་འགྲེལ་རྒྱག་བཞིན་པ།
ས་མཐོའི་རང་བྱུང་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཁྱད་ལྡན་འབྲི་གཡག་གི་རིག་གནས་བརྒྱུད་སྤེལ་བྱས་ནས་གཞོན་ནུ་ལོ་ཆུང་ཚོས་ས་མཐོའི་སྐྱེ་ཁམས་དང་ཚེ་སྲོག་རྒྱུན་འཁོར་གྱི་ཐུན་མོང་མ་ཡིན་པའི་ནང་དོན་ཐག་ཉེ་ས་ནས་ཤེས་ཚོར་ཐུབ་པ་བྱ་ཆེད། 2006ལོའི་ཟླ་10ཚེས་25ཉིན། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ལོ་འཁོར་གྱི་མཇུག་བསྡུའི་སློབ་གསོའི་བྱེད་སྒོ“ཚེ་སྲོག་གི་གྲུབ་ཚུལ《ལྕི་བ་རྣམས་ཀྱི་རེ་འདུན》ཞེས་པའི་སྒྲུང་གཏམ་འདུ་ཚོགས”འཚོགས་ཤིང་། ཁྱིམ་ཚང་25ཡིས་ཕྲུ་གུ་ཁྲིད་དེ་བྱེད་སྒོར་ཞུགས་ནས་ས་མཐོའི་རང་བྱུང་གི་གསང་བ་དང་རིག་གནས་ཀྱི་ནང་དོན་ཉམས་སུ་མྱངས་ཡོད།
བྱེད་སྒོ་འགོ་ཚུགས་མ་ཐག ཕྲུ་གུ་དང་ཕ་མ་རྣམས་རྟེན་མཛོད་གླིང་གི་ཚོམས་ཆེན་དུ་གོ་རིམ་ལྡན་པའི་ངང་འདུ་འཛོམས་བྱས་ནས་ཆེད་ལས་གསལ་འགྲེལ་པ་དང་མཉམ་དུ་ཚོམས་ཆེན་དུ་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད། གསལ་འགྲེལ་པས་འབྲི་གཡག་དང་ས་མཐོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཟས་གོས་འགྲོ་སྡོད་བཅས་ལ་དམིགས་ནས་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་། འབྲི་གཡག་གི་སྤུ་དང་རུས་པ་སོགས་དངོས་པོའི་མ་དཔེ་འགྲེམས་སྟོན་བྱས་པ་བརྒྱུད། འབྲི་གཡག་གི་ས་མཐོའི་འཚོ་གནས་གོམས་གཤིས་ཚན་རིག་དང་མཐུན་པའི་ངང་ཁྱབ་གདལ་བཏང་བ་དང་། བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བརྟེན་པའི་འཚོ་བའི་བློ་གྲོས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ནས། ཕྲུ་གུ་ཚོར་འབྲི་གཡག་གི་རིག་གནས་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་ཐུབ་པར་བྱས་ཡོད།
ལྟ་སྐོར་མཇུག་འགྲིལ་རྗེས་སྤྲོ་འཕེལ་རི་མོའི་དེབ་ཀྱི་གཏམ་རྒྱུད་དངོས་སུ་ཤོད་འགོ་ཚུགས་ཤིང་། འཆད་ཁྲིད་དགེ་རྒན་གྱིས《ལྕི་བ་རྣམས་ཀྱི་རེ་འདུན》ཞེས་པའི་རི་མོའི་དེབ་གཞི་རྟེན་དུ་བྱས་ནས་གསོན་ཉམས་དོད་པའི་དཔེ་རིས་དང་སྤྲོ་བ་འཕེལ་བའི་དྲི་བ་འདོན་རེས་ལ་བརྟེན་ནས་ཕྲུ་གུ་ཚོ་ངོ་མཚར་ཆེ་བའི་ས་མཐོའི་རང་བྱུང་ཁམས་སུ་ཁྲིད་ཡོད། སློབ་ཁང་ནང་དུ་གཞུང་ལུགས་ཁོ་ན་བཤད་ནས་མ་བསྡད་པར་གོ་བདེ་ཤེས་སླའི་ཐོག་ནས་ས་མཐོའི“ལྕི་བ་དང་འབྲེལ་བའི་ཤེས་བྱ་གསལ་འགྲེལ་བྱས་པ་མ་ཟད། ལྕི་བས་ས་རྒྱུར་འཚོ་བཅུད་སྦྱིན་ཞིང་ཚེ་སྲོག་རྒྱུན་མཐུད་ཐུབ་ཐབས་བྱེད་པའི་རང་བྱུང་གི་འཁོར་རྒྱུག་གཏན་ཚིགས་གོ་བདེ་དོན་གསལ་ངང་གསལ་འགྲེལ་བརྒྱབ་ནས། ཕྲུ་གུ་ཚོར་དགའ་སྤྲོའི་རྣམ་པའི་ཁྲོད་སྐྱེ་ཁམས་ཀྱི་ཤེས་བྱ་སློབ་སྦྱོང་དང་ས་མཐོའི་སྲོལ་རྒྱུན་རིག་གནས་དང་རང་བྱུང་སྐྱེ་ཁམས་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་འཕེལ་བར་བྱས་ཡོད།
རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་རྗེས་ལག་ལེན་གྱི་ལྷུ་ཚིགས་ནང་ལས་དོན་པས་ཕྲུ་གུ་ཚང་མར་ལྕི་བ་སྐམ་པོ་དང་མེ་ཏོག་རིགས་བཟོ་བྱེད་ཀྱི་རྒྱུ་ཆའི་ཁུག་མ་སྤྲད་ཅིང་། ཕྲུ་གུ་ཚོས་ས་མཐོའི་ཐུན་མོང་མ་ཡིན་པའི་ལྕི་བ་སྐམ་པོར་རེག་པ་དང་། ལྟ་ཞིབ། ཤེས་ཚོར་བཅས་བྱས་རྗེས་བསམ་པའི་བཀོད་ཤུགས་དང་གསར་གཏོད་ནུས་པ་བཏོན་ཏེ་ས་མྱགས་སྤྱད་ནས་ལག་ཤེས་ཐོན་རྫས་གསར་རྩོམ་བྱས་ཡོད། ཚང་མས་བསམ་བློ་འདྲ་མིན་བཏང་སྟེ་ལ་ལས་ས་མཐོའི་ལྕི་བའི་བཟོ་དབྱིབས་ལ་མེ་ཏོག་གིས་མཛེས་རྒྱན་སྤྲས་པ་དང་། ལ་ལས་ལྕི་བ་ཞིབ་མོས་མེ་ཏོག་གི་བཟོ་དབྱིབས་བཟོས་ཏེ་མཛུབ་རྩེའི་གསར་རྩོམ་ལ་བརྟེན་ནས་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་ལུགས་མཚོན་པར་བྱས་ཡོད། གསར་རྩོམ་ལེགས་གྲུབ་ཟིན་རྗེས་ཕྲུ་གུ་ཚོས་རང་ཉིད་ཀྱིས་བཟོས་པའི་གསར་རྩོམ་བརྩམས་ཆོས་དང་དཔྱིད་དུས་ཀྱི་མེ་ཏོག་སྣ་ཚོགས་བསླས་ཁུག་ནང་བཅུག་ཅིང་། བྱིས་པའི་སྤྲོ་སྣང་ལྡན་པའི་བརྩམས་ཆོས་རེ་རེ་དང་རེ་སྒུག་གིས་ཁེངས་པའི་མེ་ཏོག་རེ་རེ་ལས་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། དེ་རྗེས་ཚང་མས་ལག་ཏུ་རང་ཉིད་ཀྱི་བརྩམས་ཆོས་བཟུང་ནས་དྲན་རྟེན་པར་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེའང་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལོ་འཁོར་འདིའི་སྤྱི་ཚོགས་སློབ་གསོའི་བྱེད་སྒོའི་མཇུག་བསྡུའི་བརྩམས་ཆོས་ཤིག་རེད། གོམ་སྟབས་རྗེས་མར། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ཉར་ཚགས་བྱས་པའི་ཐོན་ཁུངས་ལ་མུ་མཐུད་བརྟེན་ནས་ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་རྣམ་པ་གསར་གཏོད་བྱས་ཏེ་སྣ་མང་ཅན་དང་། དབྱིངས་ཞུགས་རྣམ་པ། སྤྲོ་སྣང་འཕེལ་བ་བཅས་ཀྱི་རིག་གནས་ཀྱི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུ་མ་ཟད། སྤྱི་དམངས་ལ་ས་མཐོའི་སྐྱེ་ཁམས་ཤེས་རྟོགས་དང་བོད་ཀྱི་རིག་གནས་ཤེས་རྟོགས་བྱེད་པའི་སྤུས་ལེགས་ལས་སྟེགས་བཏོད་ནས་ཕུལ་བྱུང་གི་རང་ཡུལ་རིག་གནས་དང་ལྗང་མདོག་སྐྱེ་ཁམས་ཀྱི་འདུ་ཤེས་བྱིས་པའི་སེམས་སུ་འཇགས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།