《སྐྱིད་ཆུའི་འགྲམ་ངོགས》སུ་ལྷུག་རྩོམ་གྱི་དྲི་བསུང་འཐུལ།
ཉེ་ཆར། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》གྱི་གཙོ་སྒྲིག་པ་ལྷ་གཡང་ནོར་བུ་ལགས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས་གཉིས་པ《སྐྱིད་ཆུའི་འགྲམ་ངོགས》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་བྱས་ཤིང་། དེབ་དེའི་ནང་དུ་རྩོམ་པ་པོས་ས་མཐོའི་ཡུལ་ལུང་གི་འཚོ་བར་རྩ་བ་ཚུགས་ཏེ་གངས་ལྗོངས་ཀྱི་རི་ཆུ་ཀླུང་གསུམ་དང་། ཡུལ་གོམས་གཤིས་ལུགས། དུས་རབས་ཀྱི་འཕོ་འགྱུར་བཅས་མཚོན་ཡོད་ཅིང་། འདི་ནི་ཁོང་གི་ལྷུག་རྩོམ་ཕྱོགས་བསྒྲིགས་ཀྱི་བརྩམས་ཆོས་གཉིས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ལྷ་གཡང་ནོར་བུ་ལགས་ཀྱིས་དུས་ཡུན་རིང་པོར་རྩོམ་རིག་གསར་རྩོམ་དང་རྩོམ་སྒྲིག་གི་ལས་ཀར་འབད་ནས་ས་མཐོའི་ཡུལ་གྲུའི་རྩོམ་རིག་གི་ཞིང་ས་སྐྱོང་བཞིན་ཡོད་ལ། རང་ས་རང་ཡུལ་གྱི་རྩོམ་མཁན་སྐྱེད་སྲིང་དང་རྩོམ་རིག་དར་ཞིང་རྒྱས་པར་རྩེ་གཅིག་ཏུ་འབད་པ་བྱེད་བཞིན་ཡོད། ཁོང་གིས་ཞར་ཞོར་དུ་འཚོ་བའི་རང་མདངས་རྣལ་མ་གཙུག་ཏུ་བཟུང་ནས་རྩྭ་ཐང་དང་གྲོང་སྡེའི་ཡུལ་ཕྱོགས་གང་སར་མྱུལ་ཏེ་རྟོག་དཔྱོད་ཟབ་འཇུག་དང་རྩོམ་རྒྱུ་འཚོལ་སྡུད་བྱེད་ཀྱི་ཡོད།

རྩོམ་པ་པོ་ལྷ་གཡང་ནོར་བུ་ལགས།
ད་ཐེངས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས་ནི་ཉེ་བའི་ལོ་ཤས་རིང་བརྩམས་པའི《ཕ་ཨ་ཁུའི་གནའ་གཏམ》སོགས་དོན་བརྗོད་ལྷུག་རྩོམ10ཡིས་གྲུབ་པ་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་2026ལོའི་རིག་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་ཁོངས་སུ་བཅུག་པ་དང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི“མཐོ་སྒང་དམར་པོ”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་གྲགས་རྟགས་ཁོངས་སུ་བཅུག་སྟེ་དཔེ་སྐྲུན་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།