དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • ཉིང་ཁྲི་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-02

    མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་རྨང་གཞིའི་མྱུར་སྐྱོབ་ནས་གསོན་ཉམས་རྒྱུན་འཛིན་ལ་ཕྱོགས་པ་དང་བསྟུན་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་གཞི་རྟེན་འདང་ངེས་མེད་པ་དང་། མིང་གཞུང་མ་ལག་འཐུས་སྒོ་མི་ཚང་བ། ཐོན་ལས་ཀྱི་གསོན་ཤུགས་འཕེལ་བའི་ཐབས་ལམ་ཡངས་པོ་མེད་པ་སོགས་ཀྱི་ཞན་ཆར་དམིགས་ཏེ། བྲག་ཡིབ་ཆུས་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཀོང་པོའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ“གར་སྟེགས་ལ་བརྟེན་ནས་འཁྲབ་སྟོན་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རིམ་བཞིའི་མིང་གཞུང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ། མྱུར་སྐྱོབ་སྔོན་ལ་བྱས་ནས་རྩ་རྒྱུན་བརྟན་པོ་སྲུང་བ”བཅས་གཞི་གཅིག་ཅན་གྱི་འཁོར་སྐྱོད་མ་ལག་བརྟན་པོ་བསྐྲུན་ནས་མངོན་མིན་རིག་གནས་ཤུལ་གཞག་སྲུང་སྐྱོང་བྱེད་པའི་གསར་གཏོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།

    ལས་སྟེགས་ཀྱི་གཞི་རྟེན་གསར་གཏོད་དང་ཁྱབ་སྤེལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད། བྲག་ཡིབ་ཆུས་ཀྱིས་མང་ཚོགས་ཀྱི་སྒོ་རྩར་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པར་གཞི་ཚུགས་ཏེ། མཁར་སྲིན་མོ་གྲོང་ཚོར་མཐུན་སྒྲིལ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་སྣམ་བུ་འཐག་ཁང་དུ་ཚོས་རྒྱག་པ་དང་། སྣམ་བུ་འཐག་པ། ཀོང་ཆས་བཟོ་བ་སོགས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འབབ་འཕར་གྱི་སྒུལ་ནུས་གལ་ཆེན་ཞིག་ཏུ་གྱུར་བར་བྱས་ཡོད། ཀོང་པོའི་ལོ་གསར་དང་ཁམ་བུའི་མེ་ཏོག་དུས་ཆེན་སོགས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཡུལ་སྐོར་དུས་ཆེན་དང་རྒྱུན་རྣམ་ཅན་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་འགྲེམས་ཚོང་དང་ལག་རྩལ་འགྲེམས་སྟོན་བྱས་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཀོང་ཀྲོའུ་དང་ཁྲེང་ཏུའུ་སོགས་གཙོ་གནད་འགྲུལ་ཁུངས་གྲོང་ཁྱེར་དུ་བསྐྱོད་དེ་ལག་རྩལ་འོས་སྦྱོར་གྱིས་དྲ་ཕྱིའི་ཚོང་ལམ་རྒྱུན་མཐུད་རྒྱ་ཆེར་བཏང་བ་རེད།

    མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད། བྲག་ཡིབ་ཆུས་ཀྱིས་འདུན་ཞུ་དང་ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ནན་དུ་བཏང་སྟེ། རྣམ་གྲངས་གཏན་འཁེལ་དང་། དཔྱད་ཞིབ། ཡོངས་བསྒྲགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚད་ལྡན་དུ་བཏང་བ་དང་། རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་རིམ་པ། རྫོང་རིམ་པ་བཅས་ལ་ཁྱབ་པའི་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་མིང་གཞུང་གི་སྒྲོམ་གཞི་བཟོ་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་38ལ་ཁྱབ་པ། རིམ་པ་དང་རིགས་དབྱེ་ནས་སྲུང་སྐྱོང་དང་། རོགས་སྐྱོར། རྒྱུན་འཛིན་བཅས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྔོག་འདོན་དང་། གསེད་བཀྲོལ། རེ་ཞུ་བཅས་ཀྱི་ལས་དོན་མུ་མཐུད་སྤེལ་ནས་2026ལོར་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་11མང་དུ་བཏང་བའི་ནང་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་2དང་རྫོང་རིམ་པའི་རྣམ་གྲངས་9ཡོད་པ་རེད།

    སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད། བྲག་ཡིབ་ཆུས་ཀྱིས་མྱུར་སྐྱོབ་སྔོན་ལ་བྱ་རྒྱུ་དེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མཐའ་ཚད་ལས་དོན་ལ་བརྩིས་ནས“དུས་ཐོག་ཏུ་ཤེས་རྟོགས་དང་། འཕྲལ་མར་མྱུར་སྐྱོབ། ཡིག་ཚགས་ཆ་ཚང་བཟོ་བ”བཅས་ཀྱི་གདུབ་ཟུམ་ལས་ཀའི་ལམ་སྲོལ་བཙུགས་པ་དང་། “གཅིག་ཤེས་རྟོགས་བྱུང་ཚེ་དེ་འཕྲལ་མར་མྱུར་སྐྱོབ་དང་ཟིན་ཐོར་འགོད་པའི”ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྟོངས་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།