དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་སྐྱོང་མན་ངག་གཡུ་ཆུང་དྲུག་དཀར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསེ་རུ།   |     སྤེལ་དུས།  2026-10-25

    བྱིས་པ་དག་ནི་དྭངས་གཙང་ཤོག་བུ་འདྲ། །

    ཤོག་བུའི་སྟེང་དུ་རི་མོ་ཇི་འདྲ་ཞིག །

    འབྲི་དང་མི་འབྲི་བྱིས་པའི་ཕ་མར་ཐུག །

    དེ་ཕྱིར་བྱིས་པ་སྐྱོང་ཐབས་ཤེས་གལ་ཆེ། །

    ཚེ་འདིར་སྙིང་ནས་གཅེས་པའི་བུ་ཆུང་ཞིག །

    སྐྱོང་དུས་སྐྱོང་གིན་སྐྱོང་ཚུལ་གང་ལ་ཡང་། །

    སྦྱངས་ནས་ཤེས་རྣམས་རང་མཉམ་ཕ་མ་ལ། །

    བགྲོ་གླེང་ཚུལ་དུ་ལྷག་པའི་སེམས་ཀྱིས་འབུལ། །

    གཅིག བྱིས་པའི་སྐད་ཆ་ལ་ཉན་དགོས་ཚུལ།

    སྐད་ཆ་ག་ཚོད་བཤད་པ་མང་བ་ཡི། །

    བྱིས་པ་དག་ནི་བློ་རིག་བཀྲ་འོ་ཞེས། །

    བཤད་པ་དོན་ལ་གནས་ཕྱིར་བཤད་དྲགས་ན། །

    སུན་སྣང་མ་བྱེད་དགའ་བ་བསྒོམ་པར་རིགས། །

    ནམ་རྒྱུན་བྱིས་པས་རང་གི་འཚོ་བ་དང་། །

    འབྲེལ་བའི་སྐད་ཆ་གང་མང་བཤད་བྱུང་ན། །

    ཕ་མས་ངང་རྒྱུད་རིང་པོས་ཉན་པ་ལས། །

    སུན་སྣང་བྱས་ཏེ་སྨྲ་བ་འགོག་མི་རུང་། །

    གལ་སྲིད་ཕྲུ་གུས་ནམ་རྒྱུན་རང་ཉིད་ལ། །

    སྐད་ཆ་དེ་ཙམ་འཆད་ཀྱི་མེད་ན་ཡང་། །

    ཆེད་དུ་རང་གིས་ཕར་ལ་འདྲི་ཐབས་ཀྱིས། །

    ཕྲུ་གུར་སྐད་ཆ་འཆད་སྐལ་མང་དུ་སྤྲོད། །

    གཉིས། བྱིས་པར་སྒྲུང་མང་ཙམ་ཤོད་དགོས་ཚུལ།

    སྒྲུང་གི་རིགས་ལ་ཉན་འདོད་ཆེ་བ་ནི། །

    བྱིས་པའི་ལྷན་སྐྱེས་རང་གཤིས་ཡིན་པའི་ཕྱིར། །

    མཚན་མོར་མལ་གྱི་ནང་ནས་ཕྲུ་གུ་ལ། །

    སྒྲུང་འདྲ་བཤད་ན་ཕན་པ་ཤིན་ཏུ་ཆེ། །

    སྐད་ཆ་ཉན་ནུས་ཆེ་རུ་གཏོང་བ་ལ། །

    ནུས་པ་ཆེ་ཞིང་འཇིག་རྟེན་འདི་ཉིད་དང་། །

    འདི་དང་འབྲེལ་བའི་གནས་ལུགས་མང་དག་ཅིག །

    རྟོགས་པའི་ཐབས་སུ་སྒྲུང་འདི་ཤིན་ཏུ་རྨད། །

    ཕར་ལ་བཤད་ཟིན་སྒྲུང་དག་བྱིས་པ་ལ། །

    ཡང་བསྐྱར་ཚུར་ལ་འཆད་དུ་འཇུག་ཐབས་ཀྱིས། །

    བྱིས་པའི་སྐད་ཆ་འཆད་པའི་ནུས་པ་དག །

    ཆེ་རུ་གཏོང་བའི་ཐབས་ལའང་འདི་ཉིད་བཟང་། །

    གསུམ། བྱིས་པའི་སྐྱོན་ནས་མ་འཛིན་དགེ་ནས་ཟུངས།

    ཕ་མ་འགའ་རེས་ཅི་འཕྲོས་མོལ་འཕྲོས་ཀྱིས། །

    གཞན་གྱི་མདུན་དུ་རང་གི་ཕྲུ་གུ་ལ། །

    སྐྱོན་གྱི་རྣམ་པ་འདི་དང་འདི་ལྡན་ཞེས། །

    སྒྲོག་པར་དགའ་འདིས་ཕྲུ་གུར་ཤིན་ཏུ་གནོད། །

    དཔེར་ན་ཕྲུ་གུ་སྦྱོང་ཚན་འབྲི་བ་ལ། །

    དགའ་པོ་མེད་ན་དགའ་པོ་མེད་དོ་ཞེས། །

    ཕྲུ་གུའི་ཐོས་སར་གཞན་ལ་བསྒྲགས་དྲགས་ན། །

    ཕྲུ་གུ་དེ་བས་དགའ་པོ་མེད་པར་འགྱུར། །

    སྐབས་རེར་ཕྲུ་གུའི་སྐྱོན་ལ་ཆེད་དམིགས་ཀྱིས། །

    བསྟོད་རིན་མེད་ཀྱང་བསྟོད་པ་བཏང་སོང་ན། །

    ཕྲུ་གུར་སེམས་ཤུགས་ཡིད་ཆེས་རྙེད་པ་ལ། །

    ནུས་པ་ཤིན་ཏུ་ཆེ་བས་ཚོད་ལྟ་གྱིས། །

    དཔེར་ན་ཕྲུ་གུས་བོད་ཡིག་སྦྱོང་བ་ལ། །

    སུན་སྣང་བྱེད་ན་ཕ་མས་བསམ་བཞིན་དུ། །

    ཕྲུ་གུའི་ཐོས་སར་ང་ཡི་གཅེས་ཕྲུག་འདི། །

    བོད་ཡིག་སྦྱོང་ལ་དགའ་ཞེས་བརྗོད་གལ་ཆེ། །

    ཚུལ་འདིས་རིགས་བསྒྲེས་རང་གི་ཕྲུ་གུ་ལ། །

    སྐྱོན་གྱི་རྣམ་པ་གང་དང་གང་ལྡན་ཡང་། །

    དེ་ཉིད་མ་སྒྲོགས་སྐྱོན་གྱི་ལྡོག་ཕྱོགས་ནས། །

    ཆེད་དུ་བསྟོད་བསྔགས་གཏོང་བ་གལ་ཆེན་ཡིན། །

    བཞི། ཕྲུ་གུར་རྩེད་རོགས་བྱེད་དགོས་ཚུལ།

    སྐབས་རེར་ཕྲུ་གུར་རྩེད་རོགས་དགོས་དུས་སུ། །

    ཕ་མས་སྒམ་ཚུགས་དོར་ཏེ་རང་ཉིད་ཀྱང་། །

    བྱིས་པའི་ཚུལ་དུ་བཞག་སྟེ་བྱིས་པ་ལ། །

    རྩེད་རོགས་ལྷད་མེད་དགོས་པ་གལ་ཆེན་ཡིན། །

    ལྷག་པར་རང་ལ་ཕྲུ་གུ་གཅིག་རང་ལས། །

    མེད་ན་རྩེད་རོགས་ཤིན་ཏུ་དཀོན་སྟབས་ཀྱིས། །

    ཕ་མས་ཞོར་ལ་རྩེད་རོགས་མ་བྱས་ན། །

    བྱིས་པའི་སྤྲོ་སྣང་འཚོ་བ་གང་ནས་འཚོལ། །

    བྱིས་པས་མཚམས་རེར་འདམ་བག་ལ་སོགས་པར། །

    རྩེད་མོ་བརྩེ་རྒྱུའི་རེ་བ་བཏོན་བྱུང་ན། །

    གོན་པ་ལ་སོགས་བཙོག་པར་འགྲོ་དོགས་ཀྱིས། །

    བཀག་འགོག་མ་བྱེད་གང་དགར་རྩེད་དུ་ཆུགས། །

    ལྔ། ཕྲུ་གུར་སྦྱོང་ཚན་འབྲི་རོགས་བྱེད་མི་རུང་ཚུལ།

    ཕྲུ་གུས་སྦྱོང་ཚན་འབྲི་དུས་ཕ་མ་ཡིས། །

    གམ་དུ་བསྡད་ནས་ཇུས་གཏོགས་བྱས་དྲགས་ན། །

    སྦྱོང་ཚན་ཡོད་ཚད་ཕ་མར་འདྲི་ཐབས་ཀྱིས། །

    རང་གིས་བསམ་བློ་གཏོང་བའི་གོམས་གཤིས་བརླག །

    སྦྱོང་ཚན་གང་ཡང་ཐོག་མར་ཕྲུ་གུ་ལ། །

    འབྲི་རུ་བཅུག་ནས་བྲིས་པ་ནོར་བ་དག །

    ནོར་བའི་རྒྱུ་མཚན་སྦྱོང་ཚན་བྲིས་ཟིན་རྗེས། །

    རེ་རེ་བཞིན་དུ་གསལ་བཤད་བྱས་ན་འཚམ། །

    སྦྱོང་ཚན་ལེགས་པར་བྲིས་ན་བྱ་དགའ་ལ། །

    ཁ་པར་སྐར་མ་ཁ་ཤས་བལྟས་ཆོག་ཅེས། །

    ཐབས་སུ་འགྲོ་དཀའི་ཐབས་འདྲ་བཏོན་པ་ན། །

    ཕྲུ་གུའི་རང་འགུལ་འདུ་ཤེས་རིམ་གྱིས་བརླག །

    དྲུག ཕྲུ་གུར་ཕྲུ་གུའི་དགེ་རྒན་གྱི་ཡོན་ཏན་འབའ་ཞིག་བརྗོད་དགོས་ཚུལ།

    ཕ་མ་འགའ་རེས་ཕྲུ་གུའི་ཐོས་ས་ནས། །

    ཕྲུ་གུའི་དགེ་རྒན་དག་ལ་སྨོད་པར་དགའ། །

    ཕ་མས་ཕྲུ་གུའི་བཤེས་ལ་སྨོད་ཐེངས་རེར། །

    ཕྲུ་གུ་རང་གི་བཤེས་ལ་ཞེན་པ་ལོག །

    ཐ་ན་ཕྲུ་གུས་དགེ་རྒན་ཆེ་གེ་མོར། །

    དགའ་པོ་མེད་ཅེས་སུན་མདོག་སྟོན་དུས་སུ། །

    དགེ་རྒན་གང་དེ་ཡག་པའི་ཡག་རབས་ཀྱིས། །

    དགེ་སློབ་འབྲེལ་བ་བཟང་དུ་གཏོང་གལ་ཆེ། །

    བདུན། བྱིས་པས་ཕ་མར་ཁ་ལོག་རྒྱག་རུང་ཚུལ།

    བྱིས་པས་ཕ་མར་ཁ་ལོག་རྒྱག་དུས་སུ། །

    ཕ་མ་འགའ་རེས་ལན་དུ་རྡུང་རྡེག་གིས། །

    ཁ་ལོག་བརྒྱབ་ན་གཏན་ནས་མི་འགྲིག་པའི། །

    ཉེན་བརྡ་གཏོང་བར་དགའ་བ་གླེན་རྟགས་ཡིན། །

    རང་རེའི་ཕ་མ་དག་གི་འདུ་ཤེས་ཀྱི། །

    ཟབ་སར་ཕྲུ་གུ་ཡིན་ན་ཕ་མ་ལ། །

    ཁ་ལོག་བརྒྱབ་ན་གཏན་ནས་མི་འགྲིག་པའི། །

    ངོས་འཛིན་བྱེད་འདི་སྔར་སྲོལ་རྙིང་པ་ཡིན། །

    སྐབས་རེར་ཕྲུ་གུའི་སེམས་སུ་མི་སྐྱིད་པ། །

    གང་དག་ཡོད་པ་ཁ་ལོག་རྒྱག་ཐབས་ཀྱིས། །

    སེལ་ཐབས་བྱེད་ཀྱི་ཡོད་པས་ཕ་མ་ཡིས། །

    ཁ་ལོག་གཏན་ནས་འགོག་པ་ནོར་བ་ཡིན། །

    མི་རྒན་ཡིན་ཡང་སྐྱིད་པོ་མེད་དུས་སུ། །

    དེ་ཉིད་སེལ་བའི་ཐབས་ལ་འབད་དགོས་ན། །

    ཕྲུ་གུས་མི་སྐྱིད་སེམས་ཁམས་ཁ་ལོག་གིས། །

    སེལ་ཐབས་བྱེད་པ་ངན་པར་བརྩི་དོན་མེད། །

    ཕྲུ་གུས་ཕ་མར་ཁ་ལོག་རྒྱག་དུས་སུ། །

    གནས་ལུགས་བཤད་ས་ཡོད་པའི་རྟགས་ཡིན་མོད། །

    ཕ་མས་གཤེ་གཤེ་ཇི་ལྟར་བཏང་ན་ཡང་། །

    ཁ་ལོག་མི་རྒྱག་ཡག་རྟགས་གཏན་ནས་མིན། །

    མི་སྐྱིད་སེམས་ཀྱི་ཁ་དོག་ཕ་མ་ལ། །

    སྟོན་ས་མེད་པར་ཡུན་རིང་བསགས་དྲགས་ན། །

    ག་ལེར་ཕྲུ་གུའི་སེམས་ཁམས་བདེ་ཐང་ལ། །

    ཤིན་ཏུ་གནོད་པས་ཕ་མས་གཟབ་པར་རིགས། །

    བརྒྱད། ཁོང་ཁྲོ་ལངས་དུས་གནས་ལུགས་བཤད་མི་རུང་།

    མི་རྒན་ཡིན་ཡང་ཁོང་ཁྲོ་ལངས་དུས་སུ། །

    གནས་ལུགས་རྒྱུ་མཚན་རྣ་བར་འགྲོ་དཀའ་བས། །

    ཕྲུ་གུ་ཁོང་ཁྲོ་ལངས་དུས་གནས་ལུགས་རིགས། །

    ཅི་ཙམ་བཤད་ཀྱང་རྣ་བར་ག་ལ་འགྲོ། །

    ཕྲུ་གུ་ཁོང་ཁྲོས་ངུ་བཞིན་ཕ་མ་ལ། །

    ཁ་ལོག་རྒྱག་གིན་ཡོད་ཀྱང་ཕ་མ་ཡིས། །

    གནས་ལུགས་རྒྱུ་མཚན་བར་མེད་བཤད་སོང་ན། །

    སྨྲ་བྱེད་ངལ་བའི་རྒྱུ་ལས་མ་འདས་སོ། །

    ཕྲུ་གུའི་ཁོང་ཁྲོ་གཏན་ནས་འཇགས་དུས་སུ། །

    ཕ་མས་གཞི་ནས་ངག་འཇམ་སྨྲ་མཁས་ཀྱིས། །

    ཡིན་ལུགས་མིན་ལུགས་བཤད་ན་ཕྲུ་གུ་ཡི། །

    སེམས་ལ་ཟུག་པས་གཟབ་གཟབ་ལོས་རང་བྱེད། །

    དགུ། ཕྲུ་གུའི་ལྟོ་ལ་དང་དོད་ཐལ་མི་རུང་།

    ཕ་མ་དང་དོད་ཆེ་བ་འགའ་ཞིག་ལ། །

    གཞན་ལ་མེད་པའི་སེམས་ཁྲལ་གཞན་ཞིག་ཡོད། །

    ཕྲུ་གུའི་ལྟོ་ལ་དང་དོད་བྱས་དྲགས་པས། །

    ཕྲུ་གུ་ལྟོ་ལ་མི་དགའ་ཞེན་པ་ལོག །

    མ་གཞི་ཕྲུ་གུས་ཟས་རིགས་ཟ་བ་ལ། །

    དོ་སྣང་དགོས་ཀྱང་དོ་སྣང་ཆེ་དྲགས་ན། །

    ལྡོག་ཕྱོགས་ནུས་པ་ཐོན་པས་ཕ་མ་ཚོས། །

    ཨུ་ཚུགས་བཙན་ཤེད་སྤོང་བ་གལ་ཆེན་ཡིན། །

    སྐབས་རེར་ཕྲུ་གུས་ལྟོ་ཆས་མི་ཟ་ན། །

    ཨུ་ཚུགས་སྤངས་ཏེ་རང་དབང་སྤྲད་སོང་ན། །

    ལྟོགས་པའི་ཚེ་ན་སྐུལ་མཁན་མེད་ན་ཡང་། །

    རང་འགུལ་སྒོ་ནས་ཟ་བས་སེམས་ཁྲལ་སྤོངས། །

    མཚམས་རེར་མི་རྒན་ཡིན་ཡང་ཟས་རིགས་དག །

    བསྟེན་པའི་དང་ག་འགགས་པས་ཕྲུ་གུར་ཡང་། །

    དང་ག་མེད་པའི་གནས་སྐབས་ཡོད་ངེས་པས། །

    དོན་མེད་སྡུག་པོ་མ་གཏོང་རང་དབང་སྤྲོད། །

    ཞིང་པའི་ཕྲུ་གུ་དག་ལ་ཕ་མ་ཚོས། །

    བཙན་གྱིས་ཟོ་ཞེས་སྐུལ་བ་ཉུང་ན་ཡང་། །

    ཕྲུ་གུ་ཕལ་ཆེར་ལྟོ་ཆས་ཟ་བ་ལ། །

    ངལ་བ་གཏན་ནས་མེད་པའི་དཔེ་ལ་སོམས། །

    ཕྲུ་གུའི་ལུས་ལ་བཅུད་ནི་ཆད་དོགས་ཀྱིས། །

    བཅུད་ལྡན་ཟས་རིགས་མང་དུ་སྟེར་དྲགས་ན། །

    ལྟོ་ཡི་དང་ག་འགག་པའི་སྐབས་ཡོད་པས། །

    དེ་ཡི་ཐད་ལའང་དོ་སྣང་ལོས་རང་བྱེད། །

    དེ་མིན་ཕྲུ་གུར་སྒོག་ཙོང་ལ་སོགས་པ། །

    སྟེར་ཚོད་བྱས་ཏེ་གཅེས་གཅེས་བྱས་དྲགས་ན། །

    ཕྲུ་གུ་སློབ་གྲྭར་འགྲོ་དུས་ཟ་ཁང་གི། །

    ལྟོ་ཆས་ཟ་དཀའ་རྙོག་གྲའི་སྒམ་ཆུང་ཕྱེ། །

    བཅུ། ཕྲུ་གུར་ཡིག་ཆས་སྡུད་གསོག་རྒྱག་རོགས་བྱེད་མི་རུང་ཚུལ།

    ཕྲུ་གུར་སྦྱོང་ཚན་མང་ནི་དྲགས་པ་འམ། །

    དེ་མིན་དམིཌ་བསལ་གནས་ཚུལ་མེད་པའི་སྐབས། །

    ཕྲུ་གུའི་ཡིག་ཆས་ཕྲུ་གུ་རང་ཉིད་ལ། །

    སྡུད་གསོག་རྒྱག་ཏུ་འཇུག་པ་གལ་ཆེན་ཡིན། །

    རང་གི་ཅ་ལག་རང་གིས་རང་འགུལ་གྱིས། །

    སྡུད་གསོག་རྒྱག་པའི་གོམས་གཤིས་ལོབས་སོང་ན། །

    རྗེས་སུ་སློབ་གྲྭར་ཞག་སྡོད་བྱེད་དུས་སུ། །

    ཅ་ལག་བོར་བརླག་མང་བའི་རྙོག་གྲ་ཉུང་། །

    ཡིག་ཆས་སྡུད་གསོག་རྒྱག་རོགས་བྱས་སོང་ན། །

    ཕྲུ་གུར་རང་གི་ཅ་ལག་གང་འདོད་དུ། །

    གང་སར་འགྲེམ་པའི་གཤིས་ངན་ལོབས་འགྲོ་བས། །

    རང་གི་ལས་ཀ་རང་གིས་བྱེད་དུ་ཆུགས། །

    བཅུ་གཅིག བྱིས་པར་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་བྱ་དགོས་ཚུལ།

    ཡ་ཧུ་ད་པས་ཕྲུ་གུར་ཆུང་དུས་ནས། །

    དཔེ་ཆ་བཀླག་དགོས་བཀླགས་ན་དཔེ་དེབ་ཏུ། །

    སྦྲང་རྩི་ཡོད་ཅེས་དཔེ་ཆའི་སྲུབས་གསེང་དུ། །

    སྦྲང་རྩི་བྱུཌ་པའི་ཐབས་ཤེས་སྤྱོད་པར་གྲགས། །

    ང་ཚོའི་བྱིས་པ་དག་ལ་སློབ་ཕྱི་ཡི། །

    དཔེ་དེབ་ཀློག་པའི་ཁོམ་པ་དཀོན་ན་ཡང་། །

    ཀློག་འདོད་སྐྱེས་ན་བྱིས་པས་ནམ་ཁོམ་ལ། །

    སློབ་ཕྱིའི་དཔེ་དེབ་མང་དུ་ཀློག་པ་ཡིན། །

    སྐད་ཡིག་རིགས་ཀྱི་རྨང་གཞི་སྲ་བརྟན་དུ། །

    གཏོང་བའི་ཐབས་ལ་བསླབ་གཞི་ཁོ་ན་ལ། །

    བརྟེན་ནས་སྲ་བརྟན་དེ་ཙམ་གཏོང་དཀའ་བས། །

    སློབ་ཕྱིའི་དཔེ་དེབ་ཀློག་པ་མྱུར་ལམ་ཡིན། །

    སྐད་ཡིག་མིན་པའི་རིག་ཚན་གཞན་ལ་ཡང་། །

    སློབ་ཕྱིའི་དཔེ་དེབ་བཀླགས་ན་ཕན་ཐོགས་ཆེ། །

    ཐབས་དེས་ཕྲུ་གུའི་ཤེས་བྱ་བསྐྱེད་པ་ལ། །

    ནུས་པ་ཆེ་བས་ཤིན་ཏུ་གལ་ཆེན་ཡིན། །

    དེང་སང་སློབ་ཆུང་སྐབས་ནས་ཡིག་རྒྱུགས་ལ། །

    ཤེས་རྒྱ་ཆེ་ཆུང་འགྲན་པའི་དྲི་བའི་རིགས། །

    མང་དུ་འདོན་པས་བསླབ་གཞི་ཁོ་ན་ལ། །

    མགོ་བོ་འཁོར་ན་དེ་དག་ཤེས་པར་དཀའ། །

    འོ་ན་ཕྲུ་གུ་དག་གི་དཔེ་ཀློག་གི། །

    གོམས་གཤིས་ཇི་ལྟར་གསོ་སྐྱོང་བྱེད་ཅེ་ན། །

    ཕྲུ་གུ་དག་གི་ཁམས་དང་ལོ་ཚོད་ལ། །

    གཞིགས་ཏེ་དཔེ་ཆ་ཉོ་ནས་འགོ་འཛུཌ་དགོས། །

    ལོ་ན་ཆུང་ཆུང་སྐབས་སུ་ཕྲུ་གུའི་རིགས། །

    རི་མོའི་དཔེ་ཆ་ལྟ་ལ་དགའ་བའི་ཕྱིར། །

    རི་མོའི་དཔེ་ཆ་འོས་འཚམས་ཉོས་སོང་ན། །

    ཕྲུ་གུས་ཞར་དང་ཞོར་ལ་ལྟ་བ་ཡིན། །

    ཕྲུ་གུས་ཡིག་ངོ་གང་འཚམ་ཆོད་དུས་སུ། །

    ཡིག་རིས་སྦྲགས་མའི་དཔེ་ཆ་ཉོས་སོང་ན། །

    རི་མོར་ལྟ་ཞོར་རི་མོའི་གཤམ་འོག་གི། །

    ཡི་གེ་དག་ཀྱང་རིམ་པས་ཀློག་པ་ཡིན། །

    སློབ་ཕྱིའི་དཔེ་ཆ་ངེས་པར་ཀློག་དགོས་ཞེས། །

    བཙན་གྱིས་ཀློག་ཏུ་བཅུག་ན་ཕྲུ་གུ་རྣམས། །

    དཔེ་ཆ་ཀློག་ལ་ཞེན་པ་ལོག་སླ་བས། །

    བཙན་ཤེད་སྤངས་ཏེ་དགའ་ཞེན་གསོ་སྐྱོང་གྱིས། །

    མཚམས་རེར་ཕྲུ་གུར་དཔེ་ཆ་ལྟ་རོགས་ཀྱིས། །

    དཔེ་ཆའི་ནང་དོན་དག་ལ་འགྲེལ་བཤད་འདྲ། །

    བརྒྱབ་ན་ཕྲུ་གུའི་དཔེ་ཆ་ཀློག་འདོད་ཀྱི། །

    འདུན་པ་ཆེ་ནས་ཆེ་རུ་འགྲོ་བ་ཡིན། །

    སློབ་ཆུང་ལོ་རིམ་བཞི་པའི་གཡས་གཡོན་དུ། །

    སྒྲུང་གི་རིགས་ཀྱི་དཔེ་ཆ་ཉོ་དགོས་ཏེ། །

    དེ་དུས་ག་ལེར་རི་མོ་མེད་པ་ཡི། །

    ཡི་གེ་རྐྱང་པའི་དཔེ་ཆ་ཉོས་ཀྱང་འགྲིག །

    སློབ་ཕྱིའི་དཔེ་དེབ་རྒྱ་ཡིག་མང་ན་ཡང་། །

    བོད་ཡིག་ཅུང་ཟད་དཀོན་ཕྱིར་ཕ་མ་ཚོས། །

    དཔེ་ཁང་དག་ལས་ཐབས་ཤེས་གང་དྲག་གིས། །

    བོད་ཡིག་དཔེ་ཆ་ཉོ་གལ་ཤིན་ཏུ་ཆེ། །

    འགའ་རེས་ཕྲུ་གུས་དཔེ་ཆ་ཀློག་དུས་སུ། །

    ཕ་མས་མཉམ་དུ་དཔེ་ཆ་ཀློག་དགོས་པའི། །

    འདོད་ཚུལ་འཛིན་མོད་དེ་ལྟར་མ་བྱུང་རུང་། །

    ཕྲུ་གུའི་འགྲམ་དུ་འུར་ཟིང་རྒྱག་མི་རུང་། །

    དེ་ལྟར་དཔེ་ཀློག་གོམས་གཤིས་བཟང་པོ་ཞིག །

    འཇགས་ན་ཕ་མས་དཔེ་ཆ་མ་ཉོས་ཀྱང་། །

    ཕྲུ་གུས་ཕ་མར་དཔེ་ཆ་ཉོ་དགོས་པའི། །

    རེ་བ་འདོན་པས་དགའ་བ་སྒོམ་པར་རིགས། །

    བཅུ་གཉིས། གཞན་གྱི་ཕྲུ་གུའི་ཡོན་ཏན་དང་རང་གི་ཕྲུ་གུའི་སྐྱོན་གཉིས་བསྡུར་མི་རུང་ཚུལ།

    ཕ་མ་འགའ་རེ་རང་གི་ཕྲུ་གུ་དང་། །

    གཞན་གྱི་ཕྲུ་གུ་བསྡུར་བ་གཏོང་ལ་དགའ། །

    བསྡུར་ན་འགྲིག་མོད་བསྡུར་ཚུལ་མ་ཤེས་ན། །

    རང་གི་ཕྲུ་གུའི་སེམས་ཤུགས་རིམ་གྱིས་ཉམས། །

    ཕྲུ་གུས་བྱེད་སྟངས་ཅུང་ཟད་མ་འགྲིག་ན། །

    ལྟོས་དང་ཁྱིམ་མཚེས་ཕྲུ་གུ་ཅིག་ཅིག་གིས། །

    ཁྱོད་ཀྱིས་བྱེད་སྟངས་དེ་འདྲ་ཨེ་བྱེད་ཅེས། །

    བསྡུར་བའི་ཐབས་ཀྱིས་ཕྲུ་གུར་དམའ་འབེབས་བྱེད། །

    ཕྲུ་གུས་སྦྱོང་ཚན་འབྲི་འདོད་མི་བྱེད་ན། །

    ལྟོས་དང་འཛིན་གྲྭའི་སློབ་མ་ཉིག་ཉིག་གིས། །

    སྦྱོང་ཚན་འབྲི་ལ་སུན་སྣང་ཨེ་བྱེད་ཅེས། །

    སེམས་ཤུགས་ཉམས་བྱེད་སྐད་ཆ་སྣ་ཚོགས་འཆད། །

    རང་གི་ཕྲུ་གུ་ག་ཚོད་སྡུག་ན་ཡང་། །

    བསྔཌ་པར་འོས་པའི་ཡོན་ཏན་ལོས་རང་ཡོད། །

    གཞན་གྱི་ཕྲུ་གུ་ག་ཚོད་བཟང་ན་ཡང་། །

    སྐྱོན་གྱི་རྣམ་པ་གཞན་དག་ལོས་རང་ཡོད། །

    རང་གི་ཕྲུ་གུའི་སྐྱོན་དང་གཞན་དག་གི། །

    ཕྲུ་གུའི་ཡོན་ཏན་བསྡུར་ན་རང་ཉིད་ཀྱི། །

    ཕྲུ་གུའི་སེམས་ཤུགས་ཆུང་དུ་འགྲོ་བ་ལས། །

    བཟང་ཕྱོགས་ནུས་པ་སྤུ་ཙམ་ག་ལ་བསྐྱེད། །

    ཕྲུ་གུར་ཡར་སྐྱེད་སེམས་ཤུགས་སྟེར་འདོད་ན། །

    སྐབས་རེར་རང་གི་ཕྲུ་གུའི་ཡོན་ཏན་དང་། །

    གཞན་གྱི་ཕྲུ་གུའི་ཞན་ཆ་བསྡུར་ཐབས་ཀྱིས། །

    བསམ་བཞིན་སེམས་ཤུཌ་སྟེར་བ་གལ་ཆེན་ཡིན། །

    བཅུ་གསུམ། བསྟོད་བསྔགས་ཚད་དང་རན་པ་གཏོང་ཤེས་པ་དགོས།

    ཕྲུ་གུ་རྣམས་ནི་མཛེས་ལྡན་མེ་ཏོག་འདྲ། །

    བསྟོད་པའི་ཚིག་ནི་ཆུ་ལུད་དྲོད་དང་འདྲ། །

    མེ་ཏོག་གསོ་བར་ཆུ་སོགས་མཁོ་བ་ལྟར། །

    ཕྲུ་གུ་སྐྱོང་བར་བསྟོད་པའི་ཚིག་དག་མཁོ། །

    ཕྲུ་གུའི་སྦྱངས་འབྲས་ལ་སོགས་གང་ཐད་ནས། །

    ཡར་རྒྱས་ཅུང་ཟད་བྱུང་ན་ཕ་མ་ཚོས། །

    བསམ་བཞིན་འོས་འཚམ་ཚིག་གིས་ཕྲུ་གུ་ལ། །

    བསྟོད་པའི་མེ་ཏོག་གཏོར་བ་གལ་ཆེན་ཡིན། །

    མེ་ཏོག་དག་ལ་ཆུ་ལུད་བཏབ་དྲགས་ན། །

    ནུས་པ་ངན་པ་ཐོན་པའི་དཔེ་བཞིན་དུ། །

    ཕྲུ་གུ་དག་ལ་བསྟོད་བསྔགས་ཐལ་དྲགས་ན། །

    ང་རྒྱལ་དྲེགས་པ་སྐྱེ་བས་རན་པོ་དགོས། །

    བསྟོད་པ་ག་ཚོད་མང་ན་དེ་ཚོད་ཀྱིས། །

    ལེགས་སྙམ་བསྟོད་རིན་མེད་ཀྱང་བསྟོད་དྲཌ་ན། །

    བསྟོད་པའི་ནུས་པ་བོར་བས་ཕ་མ་ཚོས། །

    བསྟོད་ཚུལ་མ་ནོར་བ་ཞིག་ཅིས་ཀྱང་དགོས། །

    རང་གི་ཕྲུ་གུ་སྦྱོང་ཚན་འབྲི་བ་ལ། །

    ནན་ཏན་ཆེ་ན་ནན་ཏན་ཆེ་འོ་ཞེས། །

    བསྟོད་ལས་ཁྱོད་ཉིད་བཟང་ཞེས་བཟང་ཚུལ་གྱི། །

    རྒྱུ་མཚན་མི་འཆད་ནུས་པ་མེད་དོ་ཟེར། །

    དེས་ན་ཕ་མས་ཕྲུ་གུར་བསྔགས་དུས་སུ། །

    བསྔགས་པའི་རྒྱུ་མཚན་གང་ཡིན་ཕྲུ་གུ་ལ། །

    ཤེས་སུ་འཇུག་ལས་རྒྱུ་མཚན་མ་ཤེས་ན། །

    ནུས་པ་ཆེན་པོ་མེད་པས་གཟབ་གལ་ཆེ། །

    ཕྲུ་གུའི་ལྷན་སྐྱེས་ཡོན་ཏན་ལ། །

    བསྔགས་ན་ཕན་ཐོགས་ཆེར་མེད་ཟེར། །

    དཔེར་ན་ཁྱོད་རང་སྤྱང་ངོ་ཞེས། །

    བསྔགས་པའི་དགོས་པ་ཆུང་ངོ་ཟེར། །

    ལྷན་སྐྱེས་ཡོན་ཏན་མ་ཡིན་པའི། །

    ཡོན་ཏན་དག་ལ་བསྔགས་དགོས་ཏེ། །

    དཔེར་ན་སློབ་ལ་བརྩོན་དུས་སུ། །

    བརྩོན་པ་ཆེ་ཞེས་བསྔགས་དགོས་སྐད། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།