མི་ཚེ་ནི་འོད་སྣང་ལ་བསྙེག་པའི་བརྒྱུད་རིམ་ཞིག་ཡིན་།
—— ལྷ་བྲིས་པ་བྱམས་པ་ཚེ་རིང་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།
དབྱར་ལོ་ཧྲིལ་པོ་རྫོགས་ཤིང་། སྟོན་ཉམས་ཀྱིས་ཕྱུག་པའི་དབུས་གཞུང་ལྷ་སར་མི་ཚོགས་ཀྱི་འདུ་འཛི་ཤིན་ཏུ་ཆེ། སྙན་གྲགས་གང་སར་ཁྱབ་པའི་གནའ་བོའི་བར་སྐོར་ཁྲོམ་གཞུང་ནི་དེང་གི་ཆར་བོད་ཟས་ཁང་དང་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ཁང་། ཟ་ཁང་། པར་ལེན་ཁང་། ཐང་ག་ཉམས་ལེན་ཁང་སོགས་ཀྱིས་ཁེངས་ཏེ་སྐྱེ་བོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། དེ་བས་སྒོ་རྭ་རྙིང་པ་ཞིག་གི་གྲུ་ཟུར་ན་ས་རྒྱ་ཆེན་པོ་མེད་ནའང་རང་གི་ཁྱད་ཆོས་མངོན་པར་གསལ་བའི“བསམ་གཏན་མངོན་མིན་ཐང་གའི་ཉམས་ལེན་བར་སྟོང”ཞེས་ལག་བྲིས་ཐང་གའི་ཉམས་ལེན་ཁང་ཞིག་མིག་ལམ་དུ་ཁྲ་ལྷམ་མེར་འཆར་བས། གསར་འགོད་པར་བཅར་འདྲི་ཞུ་འདོད་ཀྱི་འདུན་པ་དྲག་པོ་སྐྱེས།

① ཐང་ག་ཉམས་ལེན་མཁན་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

② ཐང་ག་ཉམས་ལེན་མཁན་ལ་མཛུབ་ཁྲིད་བྱེད་བཞིན་པ།

③ ཐང་ག་ཉམས་ལེན་མཁན་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

④ 2025ལོར་རྒྱལ་ནང་གི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་བཞིན་པ།

⑤ ཐང་ག་ཉམས་ལེན་མཁན་ལ་མཛུབ་ཁྲིད་བྱེད་བཞིན་པ།

⑥ ཐང་ག་ཉམས་ལེན་བྱ་བར་ཡོང་མཁན་ཡུལ་སྐོར་ཚོགས་པ་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།(པར་འདི་རྣམས་བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས)
གསར་འགོད་པ། ཁྱེད་ནས་བར་སྐོར་ཁྲོམ་གཞུང་དུ་ཉམས་ལེན་ཁང་འདི་ལས་གཉེར་བྱེད་པའི་ཐོག་མའི་ཀུན་སློང་ཇི་ལྟར་ཡིན་ནམ།
བྱམས་པ་ཚེ་རིང་། ཉམས་ལེན་ཁང་འདི་ནི་ང་རང་དང་སློབ་གྲོགས་དོན་གྲུབ་ཆོས་འཕེལ་ཀྱིས་མཉམ་དུ་བཙུགས་ཤིང་། ངེད་གཉིས་ཀ་ནི་ལོ་གྲངས་སུམ་ཅུའི་ནང་གི་ན་མཉམ་གཞོན་ནུ་ཡིན། ད་བར་དངོས་སུ་ཚོང་གཉེར་བྱས་ནས་ཟླ་ཤས་སོང་ཞིང་། དེ་གོང་ལོ་ལྔ་ཙམ་མི་གཞན་གྱི་སར་ལྷ་བྲིས་དང་ཐང་གའི་དགེ་རྒན་བྱེད་མྱོང་ཡོད། དེ་རྗེས་ངེད་གཉིས་ཀར་སྔ་ས་ནས་བྱ་གཞག་གསར་གཏོད་ཀྱི་འཆར་གཞི་ཡོད་ལ། ང་རང་ཡང་ཁོར་ཡུག་བརྗེས་ཏེ་རང་ཉིད་དབང་པོ་སྐྱོན་ཅན་ཞིག་གི་མི་ཚེའི་རིན་ཐང་ལ་ཚོད་བགམ་བྱེད་དགོས་སྙམ།
གསར་འགོད་པ། ཁྱེད་གཉིས་ནས་ཉམས་ལེན་ཁང་བཙུགས་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་གྲ་སྒྲིག་ཇི་ལྟར་གནང་བ་ཡིན་ནམ།
བྱམས་པ་ཚེ་རིང་། ཉམས་ལེན་ཁང་བཙུགས་པའི་གྲ་སྒྲིག་གི་བརྒྱུད་རིམ་ཁྲོད་རང་ངོས་ལ་ཡོད་པའི་ལག་ཤེས་ཀྱི་མཐུན་རྐྱེན་ཕུད། ཐུགས་རྗེ་ཆེ་ཞུ་དགོས་པའི་མི་སྣ་མང་པོ་ཡོད། ངེད་གཉིས་ལ་ཐང་གའི་ཉམས་ལེན་ཁང་གཉེར་རྒྱུའི་བསམ་བློ་འཁོར་བ་ནས་ད་བར་གཡས་གཡོན་གྱི་དགེ་རྒན་དང་མཆེད་གྲོགས་སོགས་མི་སྒེར་དང་ཚན་པ་མང་པོའི་རོགས་རམ་དང་རྒྱབ་སྐྱོར་ཐོབ་ཅིང་། དང་ཐོག་མར་དབང་སྐྱོན་ལྷན་ཚོགས་ཀྱིས་ལས་གཏོད་མ་དངུལ་གསོལ་རས་གནང་བ་དང་མཐོ་སྒང་རིག་གནས་ཚད་ཡོད་ཀུང་སིའི་མཆོག་ལས་ཀྱི་ལས་གཏོད་པ་རྙིང་པ་ཞིག་གི་ངོས་ནས་ཚོང་གཉེར་གྱི་ས་ཆ་འདེམས་པར་རོགས་རམ་གནང་བ། སྤོམ་མདའ་ཚང་བོད་ཟས་ཁང་གི་བསྟན་འཛིན་གྱིས་རྒྱུན་གཏན་གྱི་ཚོང་གཉེར་ཐད་གང་ཐུབ་ཀྱིས་གྲོས་འགོ་བཏོན་གནང་བ། ངའི་གཅེན་མོ་སྐྱིད་འཛོམས་ནས་བདག་ལ་འཕྲུལ་འཁོར་གྱི་ལས་འཛོལ་ཐོན་པ་ནས་ད་བར་གྱི་མི་ལོ་ཉི་ཤུ་ལྷག་ཙམ་རིང་ཟ་སྡོད་སྤྱོད་གསུམ་ལ་ལྟ་རྟོག་ཕྱུག་པ་མེད་པ་བྱས་པ་སོགས། གང་ལྟར་བདག་ལ་ཆག་སྒོ་ཐོན་རྗེས་འོད་སྣང་སྦྱིན་མཁན་གྱི་མི་ཡག་རེ་ཡག་ཚད་ཐུག་པས་སྐུ་དྲིན་ཆེན་པོ་ཡིན།
གསར་འགོད་པ། སྔོན་ཆད་ཁྱེད་ཀྱིས་གཞན་གྱི་ཉམས་ལེན་ཁང་དུ་ལས་མི་བྱས་པ་དང་། ད་ཆ་རང་ངོས་ཉམས་ལེན་ཁང་གི་སྦྱིན་བདག་ཏུ་གྱུར་བའི་བར་ཚོར་བ་མི་འདྲ་བ་གང་འདུག་གམ།
བྱམས་པ་ཚེ་རིང་། གཞན་གྱི་ལས་མི་བྱེད་སྐབས་བསམ་པ་རྣམ་དག་ངང་རང་ཉིད་ཀྱི་པིར་རྩལ་ལ་བརྟེན་ནས་སྐུ་མགྲོན་ལ་མཛུབ་ཁྲིད་དང་ཁོང་རྣམས་བློ་མགུ་བར་བྱེད་དགོས་ཤིང་། དེ་མིན་སྤྱིན་བདག་གིས་ལས་ཀ་གང་བསྐུལ་བ་སྤུས་དག་དང་འཐུས་ཚང་ངང་ལེགས་པར་སྒྲུབ་རྒྱུ་ནི་འོས་འགན་རེད། ད་ཆ་རང་ཉིད་ལས་གཉེར་བྱེད་མཁན་དུ་འགྱུར་སྐབས་ལྕོགས་ཚོད་ཀྱི་ལས་ཀ་མང་པོ་འདུག་ལ། བསམ་ཡུལ་ལས་འདས་པའི་དཀའ་ཁག་ཀྱང་མང་པོ་འཕྲད་ཀྱིན་འདུག ད་ཆ་ཉམས་ལེན་ཁང་དུ་ངེད་གཉིས་ཕུད་ད་དུང་དབང་པོ་སྐྱོན་ཅན་གཉིས་ལས་ཞུགས་ཐུབ་ཅིང་། ཁོང་ཚོའི་དབང་པོའི་སྐྱོན་ཆ་མི་འདྲ་བར་བརྟེན་ཕན་ཚུན་དགེ་སྐྱོན་གསབ་རེས་དང་བསམ་ཤེས་ཐུབ་ཀྱི་ཡོད། ལས་གནས་བསྐྲུན་ཐུབ་པ་ཕུད་ཉམས་ལེན་ཁང་དུ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་གྱིས་ཐང་གའི་རིག་གནས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་མྱོང་རོལ་དང་རྒྱུས་ལོན་བྱ་ཐུབ། འོན་ཀྱང་བསམ་ཡུལ་ལས་འདས་པའི་དཀའ་ཁག་གཅིག་ནི་ཞལ་ཐང་བཞེངས་པ་དང་འཚོང་བའི་བར་གྱི་འགལ་བ་དེ་ཡིན། ལྷ་བྲིས་པ་ཞིག་གི་ངོས་ནས་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་བཞེངས་ཐུབ་ཚེ་སྤུས་ཚད་དང་མྱུར་ཚད་ལ་འགན་ལེན་ཐུབ་པ་མ་ཟད། བརྒྱུད་རིམ་དེའི་ནང་དབྱིངས་སུ་ཚུད་ནས་བློ་བདེ་བག་ཕེབས་ཀྱི་ཚོར་བས་ཞལ་ཐང་བཞེངས་པར་རིག་པ་ཀློང་རྡོལ་གྱིས་བློ་སྒོ་གསར་པ་ཡང་སྐྱེ་སྲིད། འོན་ཀྱང་ཉམས་ལེན་ཁང་དུ་སྐུ་མགྲོན་ཕེབས་སྐབས་ལག་ཏུ་ཐོགས་པའི་པིར་སྨྱུག་བཞག་ནས་སྐུ་མགྲོན་ལ་ཁ་ཡ་མ་བྱེད་ཀ་མེད་ཡིན་པས་ཐང་ག་བཞེངས་སྐབས་དུས་ཚོད་ངེས་ཅན་འགོར་སྲིད།
གསར་འགོད་པ། མ་གཞི་ཅུང་ཟད་གུས་ལུགས་མེད་པ་ཡིན་ནའང་། ཁྱེད་རང་ནི་སྙིང་རུས་ཅན་གྱི་དབང་པོ་སྐྱོན་ཅན་ཞིག་ཡིན་པའི་ཆ་ནས་འདས་དོན་གྱི་ཆག་སྒོ་དང་བར་ཆད་སྐོར་ངེད་ཚོར་དྲན་གསོ་གནང་ན་ཨེ་ཡོང་།
བྱམས་པ་ཚེ་རིང་། ང་རང་ལོ་9ལ་སོན་པའི་སྐབས། བར་ཆད་བཙན་པོའི་དབང་གིས་འཕྲུལ་འཁོར་གྱི་ལས་འཛོལ་མ་འདོད་ཐོག་ཏུ་བབས་ནས་འཁོར་སྒྲོམ་ལ་བསྟེན་དགོས་བྱུང་སྟེ་སློབ་མཚམས་ཀྱང་ཆད། 2006ལོར་ནང་མི་སྤུན་མཆེད་ཀྱི་སྐུལ་མའི་འོག གོ་མེད་ཚོར་མེད་ངང་ཐང་ག་སྦྱོང་འགོ་ཚུགས། སྐབས་དེ་དུས་ཐང་ག་སྦྱངས་པའི་དམིགས་ཡུལ་གཙོ་བོ་དགེ་རྒན་གྱི་བཀའ་བཀྱོན་མ་ཕོག་ཙམ་དང་བསྐུལ་བའི་ལས་འགན་ལེགས་སྒྲུབ་བྱ་ཆེད་ཙམ་རེད། དེ་བས་ཀྱང་ཉིན་ལྟར་ཕ་མས་གློག་སྐས་མེད་པའི་ཐོག་ས་དྲུག་པའི་སློབ་ཁང་བར་ང་དང་འཁོར་སྒྲོམ་སྐྱེལ་དགོས་དུས། གཅིག་ནས་རང་ཉིད་ཀྱི་གཟུགས་པོ་མི་བདེ་བའི་སྡུག་བསྔལ་དང་གཉིས་ནས་ཕ་མར་དཀའ་ལས་ཆེན་པོ་བཟོས་པ་མཐོང་སྟེ། སྐབས་ཤིག་རིང་བློས་གཏོང་བྱ་རྒྱུའི་བློ་ཡང་སྐྱེ་མྱོང་། དེ་ལྟར་ཉིན་ནས་ཉིན་དང་ལོ་ནས་ལོའི་སློབ་སྦྱོང་ཁྲོད་ཐང་གའི་བཞེངས་རྩལ་དང་རིགས་པའི་གཞུང་ལུགས་སོགས་ཉིན་རེ་བཞིན་མ་འདས་པར་ཁོང་དུ་ཆུད་པ་དང་སྦྲགས་རིམ་བཞིན་ཐང་གའི་སྒྱུ་རྩལ་ལ་དགའ་ཞེན་སྐྱེས། 2018ལོར་ངས་འཇིགས་བྱེད་ཐོན་ཐང་དུ་བྱས་ནས་ཕུལ་དུ་བྱུང་བའི་རྒྱུགས་ལན་ཞིག་ཕུལ་ཞིང་། ལོ་དེར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་དབང་སྐྱོན་ལྷན་ཚོགས་ནས་གཙོ་གཉེར་བྱས་པའི་ལག་རྩལ་འགྲན་བསྡུར་ནང་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། 2025ལོར་དབང་སྐྱོན་ལྷན་ཚོགས་ནས་གཙོ་གཉེར་བྱས་པའི་ལག་རྩལ་འགྲན་བསྡུར་ནང་མུ་མཐུད་བྱ་དགའ་རིམ་པ་དང་པོ་ཐོབ།
གསར་འགོད་པ། ཁྱེད་རང་ལ་ཞལ་ཐང་བཞེངས་པ་ཕུད་དེ་མིན་གྱི་འཚོ་བའི་གོམས་གཤིས་གང་འདྲ་ཡོད་དམ།
བྱམས་པ་ཚེ་རིང་། ང་རང་ཆུང་དུས་ནས་ལུས་རྩལ་རིགས་ཀྱི་ལྟད་མོར་དགའ་བ་དང་། ལྷག་པར་དུ་སྤོ་ལོའི་འགྲན་བསྡུར་གང་དུ་ཡོད་ཀྱང་དེ་ཕྱོགས་སུ་ལྟ་བར་སྐྱོད་ཀྱི་ཡོད། 2013ལོར་དབང་སྐྱོན་ལྷན་ཚོགས་ལ་སྤོ་ལོའི་ཆེད་སྤྱོད་འཁོར་ལོ་འགའ་ཞལ་འདེབས་སུ་བྱུང་བ་དེ་རྣམས་ང་ཚོར་སྤྲད་པ་དང་། དང་ཐོག་ལུས་སྦྱོང་དང་རྩེད་མོའི་ཚུལ་དུ་སྤོ་ལོ་རྒྱག་འགོ་ཚུགས། ང་དང་འདྲ་བའི་སྤོ་ལོར་དགའ་བའི་ན་གཞོན་ཚོའི་ངོས་ནས་བཤད་ན་རང་གི་གཟུགས་པོར་སྦྱོང་བརྡར་དང་གྲོགས་པོ་ཕན་ཚུན་འབྲེལ་འདྲིས་དང་སེམས་གཏམ་ཤོད་པའི་གོ་སྐབས་བཟང་པོ་ཞིག་ཡིན་ལ་རང་གི་བསམ་འདུན་ཆུང་ངུ་ཞིག་ཀྱང་མངོན་དུ་འགྱུར། དེ་ནས་བཟུང་གཟའ་མཇུག་ཡོད་ཚད་ལ་སྤོ་ལོ་རྒྱག་པའི་གོམས་གཤིས་འཇགས་པ་དང་། ཕྱིས་སུ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱི་མཐོང་ཆེན་འོག་སྤོ་ལོའི་རུ་ཁག་བཙུགས་པས་ད་ཆ་རུ་ཁག་དེར་མི་བཅུ་གྲངས་ཡོད་དེ། ང་ཚོས་ལས་ཞོར་གྱི་ཁོམ་པ་སྤྱད་ནས་སྦྱོང་བརྡར་བྱས་པ་དང་འགྲན་བསྡུར་གྱི་སྒྲིག་སྲོལ་ཁག་དང་སྤོ་ལོའི་ཆེད་ལས་ཀྱི་ཤེས་བྱ་རྣམས་དྲ་ཐོག་གི་བསླབ་གཞི་བརྒྱུད་སྦྱངས་པ་བཅས། རང་ཉིད་ཀྱི་འབད་བརྩོན་དང་བློ་རིག་ལ་བརྟེན་ནས་རང་སྐྱོང་ལྗོངས་དང་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ལུས་རྩལ་འགྲན་བསྡུར་སྣ་ཚོགས་ལ་ཞུགས་པ་མ་ཟད། བོད་ཀྱི་མཐུས་མིའི་ངོས་ནས་འགྲན་བསྡུར་ནང་བྱ་དགའ་ཡང་བརྩོན་ལེན་བྱ་མྱོང་། མ་གཞི་ཉམས་ལེན་ཁང་གཉེར་དགོས་པས་སྤོ་ལོ་རྒྱག་པའི་དུས་ཚོད་དེ་ཙམ་མང་པོ་མེད་རུང་། ངས་ཁོམ་པ་ཡོད་རིམ་བཞིན་ལུས་རྩལ་ཐང་དུ་སྤོ་ལོ་རྒྱག་གི་ཡོད། དེ་ནི་གཅིག་ནས་ལུས་པོས་དཔག་ཚོད་ཀྱིས་སྦྱོང་བརྡར་ཡག་ཤོས་ཡིན་པ་དང་། གཉིས་ནས་ཡུན་རིང་ཐང་ག་བྲིས་པའི་ངལ་དུབ་སེལ་ཐུབ་པ་མ་ཟད། ཐང་ག་བཞེངས་པར་བློ་སྒོ་གསར་པ་སྐྱེ་ཐུབ། ད་ཆ་སྤོ་ལོ་ཡང་ཐང་ག་དང་འདྲ་བར་ངའི་མི་ཚེའི་འོད་སྣང་གཞན་ཞིག་ཡིན།
གསར་འགོད་པ། ཁྱེད་རང་ལ་མ་འོངས་པའི་འཆར་གཞི་གང་འདྲ་ཡོད་དམ།
བྱམས་པ་ཚེ་རིང་། མ་འོངས་པར་ང་ལ་བསམ་འདུན་ཆུང་ཆུང་འགའ་ཡོད་ལ་ཕུགས་བསམ་ཆེན་པོ་ཡང་ཡོད་དེ། ད་ལོའི་དགུན་ཁ་ཚོང་མགྲོན་ཉུང་དུ་འགྲོ་སྐབས་ཁོམ་པ་བཙལ་ཏེ་དབྱིན་ཡིག་སྦྱངས་ནས་ཕྱིས་སུ་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་འཆར་གཞི་དང་། གཟའ་འཁོར་རེར་ཉིན་གཅིག་གི་དུས་ཚོད་སྤྱད་ནས་སྤོར་རྩལ་སྦྱངས་ཏེ་སྤོ་ལོའི་འགྲན་བསྡུར་འདྲ་མིན་ནང་བྱ་དགའ་བརྩོན་ལེན་བྱ་རྒྱུ། མུ་མཐུད་གཟུགས་པོར་སྦྱོང་བརྡར་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་ལུས་སེམས་བདེ་ཐང་དང་རང་འགོ་རང་ཐོན། མ་མཐར་ཡང་རང་ཉིད་དང་འདྲ་བའི་མི་ལ་སེམས་ཤུགས་སྤྲད་ཐུབ་པ་བྱ་རྒྱུ། གཞན་ད་དུང་དྲ་ཐོག་ཚོང་གཉེར་སོགས་ཚོང་གཉེར་གྱི་ཐབས་ལམ་གང་མང་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་ཚོང་ལམ་ཇེ་ཡག་ཏུ་འགྲོ་ཐབས་བྱས་ནས་དབང་པོ་སྐྱོན་ཅན་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱ་རྒྱུ་བཅས་རང་གི་ཐོག་མའི་ཀུན་སློང་མ་བརྗེད་པར་རང་ནུས་ཡོད་རྒུས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་པའི་ཕུགས་རེ་བཅངས་བཞིན་ཡོད།
གསར་འགོད་པ། བདེ་སྐྱིད་བུ་ཁྲིད། ཚེ་བརྟན་རྡོ་རྗེ། དཔལ་མཆོག
འབྲེལ་ཡོད་གསར་འགྱུར།