བརྩམས་སྒྲུང《ཁ་བའི་འདབ་མ་གཅིག་གི་འུར་ཟིང》དཔེ་སྐྲུན་བྱས་འདུག


ཉེ་ཆར། བརྩམས་སྒྲུང《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། རྩོམ་པ་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་སྡེ་ཚན་གྱི་སྐུ་ཞབས་ལྷ་བྱམས་རྒྱལ་ལགས་རེད།
ཁོང་གི་བརྩམས་སྒྲུང《ལམ་གྱི་ཉི་འོད》(2010ལོ)དང《གཉིད་དུ་ཡུར་བའི་ཆུ》(2018ལོ)ཞེས་པ་སྔ་ཕྱིར་དཔར་དུ་བསྐྲུན་མྱོང་བ་དང་། ལོ་བརྒྱད་ཙམ་སོང་རྗེས་ཀྱི་ད་ལོར་སླར་ཡང《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ཞེས་པའི་བརྩམས་སྒྲུང་ཕྱོགས་བསྒྲིགས་དཔེ་སྐྲུན་བྱས་པ་རེད། ད་བར་རྩོམ་པ་པོ་ཁོང་གིས་ལྷ་སའི་སྐོར་གྱི་མུ་འབྲེལ་བརྩམས་སྒྲུང་གསུམ་ཀློག་པ་པོ་རྣམ་པའི་སྤྱན་ལམ་དུ་བསྟར་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་དེབ་གསར་འདིའི་ནང་དུ《ཁ་བའི་འདབ་མ་གཅིག་གི་འུར་ཟིང》ལས་གཞན་ད་དུང་ཁོང་གིས་ཉེ་བའི་ལོ་ཤས་ཀྱི་རིང་བརྩམས་པའི《མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང》དང་། 《རྒྱང་རིང་གི་ས་ཀུ་ར་རྗེ་མ》《དོང་ནང་དུ་མེ་ཏོག་གངས་ལྷ་རྐང་གཅིག་བཞད་འདུག》《ཁ་དམ》《རྨ་ཤུལ》《ལུང་བའི་ནང་བཞུར་འགྲོ་བའི་རླུང་ཆེན》སོགས་ཀྱི་བརྩམས་སྒྲུང་དག་ཀྱང་བསྡུས་འདུག དེ་སྔོན། གསར་འགོད་པས་ཀྱང་ཁོང་གི་བརྩམས་སྒྲུང《མཐའ་མཇུག་གི་རྫི་བོ་ཚེས་གསུམ་ཚེ་རིང》དང《རྒྱང་རིང་གི་ས་ཀུ་ར་རྗེ་མ》སོགས་མང་པོ་ཞིག་ནི་བོད་ཡིག་གི་རྩོམ་རིག་དུས་དེབ《སྦྲང་ཆར》གྱི་སྟེང་ནས་བཀླགས་མྱོང་ཞིང་། ཁོང་གི་རྩོམ་ཐབས་དང་ཚིག་སྦྱོར་ལ་ཐུན་མོང་མིན་པའི་ཉམས་འགྱུར་རྫོགས་པའི་སྣང་བ་བཅོས་མིན་དུ་སྦྱིན་བྱུང་།
འབྲེལ་ཡོད་གསར་འགྱུར།