སྟོན་ཁ་དང་ང་།
མགོ་ཐོག་གི་སྤྲིན་ཚོམ་ཁེར་རྐྱང་དུ་ལྡིང་བའི།
ནམ་ཟླ་འདི་ཇི་འདྲའི་དབེན་འཇགས་ཤིག
ས་ཆེན་གྱིས་ལྭ་བ་སེར་པོ་མནབས་པའི།
དུས་ཚིགས་འདི་ཇི་འདྲའི་ཡིད་དུ་འོང་བ་ཞིག
འཇིགས་ཞུམ་མེད་པའི་རི་བོ་དག་གིས།
སྐེ་རིང་བསྲིངས་བཞིན་ཉི་མའི་བྲང་གཞུང་ནས་བཏེགས།
རྒྱུག་མཚམས་མི་ཆད་པའི་ཆུ་མོ་དག་གིས།
སྐད་གྲགས་བསྐྱུར་ཏེ་ས་ཆེན་གྱི་ལུས་པོ་ཐེངས་གཅིག་བཀྲུས།
བར་སྣང་ན་ལྡིང་བའི་ཆུ་སྐྱར་གྱིས།
སྟོན་ཉ་གསེར་མིག་ཅན་ལ་སོ་ལྟ་བྱེད་ཚུལ།
ཡང་ན།
ཆུ་ངོགས་ནས་གྲགས་པའི་རྫི་གླིང་སྙན་མོས།
ནམ་དུས་འདི་ལ་ཕུལ་བའི་དབྱངས་རྟ་འཐེན་ཚུལ།
བདག་གི་དགའ་སྐྱོ་བཏང་སྙོམས་སུ་འཇོག་སྟངས་དང་ཅིས་མི་འདྲ།
བ་གླང་གི་སྒལ་སྤུའི་གསེང་ནས།
ཕྱི་དྲོའི་ཉི་འོད་སེར་མདངས་ཀྱིས་འཕྲོ་དུས།
རི་བྲག་གི་གྲིབ་མ་ཡང་བྲེལ་འཚུབ་ཀྱིས་བསྐྱོད་དེ།
བདག་གི་ལང་ཚོར་རེ་སྒུག་རྩ་བ་ནས་མི་བྱེད།
ནམ་དུས་འདི་ལ་བདག་གི་སྙན་ངག་ཀྱང་ཁེར་རྐྱང་དུ་ལུས།
ཆེས་རྒྱང་རིང་ན་ཐལ་རྡུལ་སྐྱ་བོ་དགུང་ལ་སྟོར་མཁན།
འདྲིལ་རླུང་དང་འདྲེ་རླུང་གང་ཡིན་མི་ཤེས་ཀྱང་།
སྟོན་ཁའི་ནམ་མཁར་འཕངས་པའི་ཞེ་སྡང་མིན་ན།
འཇིག་རྟེན་གྱི་མངོན་སུམ་འབྲི་བའི་བརྒྱུད་རིམ་ཞིག་ཡིན་སྲིད།
ཆེས་དམའ་ས་ཞིག་ནས།
ངས་ལྐུགས་འཐོམ་འཐོམ་ངང་ནམ་དུས་འདི་འབྲི་གིན།
མི་ཚེ་བསམས་ནས་དབུགས་རིང་ཞིག་ནར་མར་འབྱིན།
འབྲེལ་ཡོད་གསར་འགྱུར།