དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཅེས་ཕྲུག ངའི་བསོད་ནམས་ཀྱི་བགོ་སྐལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྒོད་སྐྱེས།   |     སྤེལ་དུས།  2026-10-18

    སྐྱེ་བོ་སུ་དང་གང་ཞིག་གིས་རང་ཉིད་འཚར་ལོངས་ཀྱི་མི་ཚེའི་བརྒྱུད་རིམ་ཧྲིལ་པོར་ཕྱིར་འདང་ཞིག་བྱས་ན། ནར་མ་སོན་པའི་སྔོན་གྱི་བྱིས་དུས་ནི་མཚར་སྣང་སྟོང་གིས་ཕྱུག་ཅིང་དགའ་བ་འབུམ་གྱིས་མྱོས་ཁར། ཆེས་རང་དབང་དང་རང་འདོད། ཆེས་དྭངས་གཙང་དང་ལྷད་མེད་ཐོག་གང་དགའ་གང་སྐྱིད་ཀྱི་དུས་བཟང་ཞིག་ཡིན་བདེན་ཡང་། ཁོ་བོ་ནི་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་ལྟེ་ཁྲག་ལྷུང་བའི་རྐྱེན་ནམ་ཡང་ན་ཁྱིམ་ཚང་ཧྲིལ་པོའི་འཚོ་བའི་འཁོས་ཀ་དམན་པ་སོགས་རྒྱུ་མཚན་སྣ་ཚོགས་པའི་དབང་གིས། ཕུན་ཚོགས་འདོད་རྒུ་འཁྱིལ་བའི་ཁྱིམ་རྒྱུད་ཀྱི་རྒྱབ་ལྗོངས་སྟོན་རྒྱུ་མེད་ལ། ཕ་མ་གཉིས་པོའི་ཕྱག་ཟུང་དྲོན་མོས་བསྐྱངས་གནང་བའི་བདེ་སྐྱིད་ལ་དེ་བས་མྱོང་རོལ་བྱེད་མྱོང་མེད་ཙ་ན། སྙན་འཇེབས་རྣ་བའི་སོས་སུ་སྨིན་པའི་བྱིས་དུས་ཀྱི་སྒྲུང་གཏམ་རིང་མོ་ཞིག་དང་། ངོ་མཚར་སྟོང་གི་བཀོད་པས་མཛེས་པར་བཀླུབས་པའི་བྱིས་དུས་ཀྱི་འཇའ་རིས་གསར་པ་ཞིག་ནི་དེ་བས་ཀྱང་སུག་འབྲི་བྱ་ཐབས་ག་ལ་ཡོད།

    མ་གཞི་ང་ནི་ཉམ་ཐག་ཞིང་པའི་བུ་ཕྲུག་གཉོམ་ཆུང་ཞིག་ཡིན་རུང་། དཀའ་སྤྱད་ཀྱི་ཁུར་པོ་དཔུང་པས་འདེགས་ཐུབ་པའི་ལྡིང་ཤུགས་ཤིག་དང་། སེམས་གཅོང་གི་མིག་ཆུ་ཁོག་ཏུ་མིད་ཕོད་པའི་སྡུག་རུས་ཤིག དེ་བཞིན་གེགས་བར་གྱི་རྐྱེན་ངན་སེལ་ནུས་པའི་བློ་རིག་ཞིག་དང་། མ་རབས་སྐྱེ་བོའི་དགྲ་ཁ་འཛེམས་མེད་དུ་གནོན་ཐུབ་པའི་འཇོན་ནུས་ཤིག་བཅས་ངའི་དྲིན་ཆེན་ཟུང་གིས་དུས་སྔ་མོ་ཞིག་ནས་ཁོ་བོར་ཆེད་དུ་གནང་། དེ་ཙམ་དུ་མ་ཟད་ཡང་དག་ཏང་གི་ཐུགས་རྗེའི་གཟིགས་སྐྱོང་དང་། བཤེས་གཉེན་བཟང་པོའི་བླ་མེད་ཁྲིད་སྟོན་འོག ང་རང་ལ་ཤེས་རིག་ནོར་བུའི་གླིང་ཚོམ་ལས་བཅུ་ཕྲག་རིག་པའི་བདུད་རྩི་ལོངས་སུ་སྤྱོད་རྒྱུའི་སྐལ་བ་བཟང་པོ་ཐོབ་པ་དང་སྦྲགས་ཡུན་རིང་རེ་སྒུག་བྱས་པའི་རེ་བའི་མེ་ཏོག་ལ་དོན་དང་ལྡན་པའི་འབྲས་བུ་སྨིན་ཏེ་མིང་དོན་མཚུངས་པའི་སློབ་གསོའི་ལས་དོན་པ་ཞིག་ཏུ་གྱུར།

    དུས་དེ་ནས་བཟུང་ངས་སློབ་གསོའི་བྱ་གཞག་འདི་ཉིད་གལ་པོ་ཆེ་ལ་ནན་ཏན་དུ་བཟུང་སྟེ་གང་ཐུབ་ཅི་ཐུབ་དང་ཧུར་ཐག་འབད་ཐག་གིས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་ཐབས་བྱས་པར། ཁ་ཡོད་ལག་ཡོད་དང་མིག་མཐོང་ལག་ཟིན་གྱི་འབྲས་བུ་སྨིན་ལ། རང་ལ་དབང་བའི་ཁྱིམ་གཞིས་ཆུང་ཆུང་ཞིག་འཛུགས་སྐྱོང་བྱ་རྒྱུའི་ཐད་མནོ་བསམ་ཕྲན་བུ་ཞིག་གཏོང་རྒྱུའི་ཆེས་ཐོག་མའི་མཐུན་རྐྱེན་ཡང་འཛོམས།

    འབད་པའི་ལས་ལ་རེ་བའི་འབྲས་བཟང་སྨིན་ཞིང་། ད་ཆ་ང་ཚོའི་ཁྱིམ་ཚང་ནི་རིན་ཆེན་སྣ་ལྔས་བྱུར་བུར་གཏམས་པ་ཞིག་མ་ཡིན་རུང་། འཆམ་མཐུན་གྱི་འོད་སྣང་ཆེམ་ཆེམ་དུ་འཕྲོ་ཐུབ་པའི་ཞིང་ཁམས་མཆོག་ཏུ་གྱུར་བ་ཞིག་ཡིན།

    ད་ཆ་ང་ཚོའི་ཁྱིམ་ཚང་ནི་མངའ་ཐང་ལོངས་སྤྱོད་ཀུན་ནས་རྒྱས་པ་ཞིག་མ་ཡིན་རུང་། བྱམས་བརྩེ་ཡི་སྣུམ་ཞག་དགུང་དུ་འཁྱིལ་བའི་བདེ་སྐྱིད་ཀྱི་རྩ་བ་ཚུགས་ས་ཞིག་ཡིན།

    ད་ཆ་ང་ཚོའི་ཁྱིམ་ཚང་ནི་ཀུན་ཡིད་དབང་མེད་དུ་འཕྲོག་ཐུབ་པའི་འབྱོར་ལྡན་གྱི་དཔེ་མཚོན་ཞིག་མ་ཡིན་རུང་། རང་མཁོ་རང་གསོ་ཐུབ་པའི་ཆེས་ལྷིང་ཞིང་འཇགས་པའི་ཁྱིམ་གཞིས་དྲོན་མོ་ཞིག་ཡིན།

    དྲང་པོར་ཞུས་ན། ངེད་ཚོའི་ཁྱིམ་ཚང་འདིར་ཕ་ཚ་བུ་རྒྱུད་ནས་མཆེད་པའི་ལོ་རྒྱུས་ཀྱི་ཤོད་རྒྱུན་དང་དཔལ་འབྱོར་གྱི་རྨང་གཞི་མེད་རུང་། ང་ཚོས་འགན་འཁྲི་དང་བྱམས་སེམས་རྩ་དོན་དུ་བཟུང་ཞིང་། རྒྱུ་འབྲས་དང་གཞན་ཕན་རྨང་གཞིར་བྱས་པའི་ཁྱིམ་ཚང་ཞིག་ཅིས་ནས་ཀྱང་ཡིན་ངེས་སྙམ།

    ང་ཚོའི་ཁྱིམ་ཚང་འདི་གསར་དུ་བཙུགས་པ་ནས་ད་ལྟའི་བར་རང་ནུས་ཡོད་རྒུས་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ཆེད་དུ་ཐམས་ཅད་བློས་གཏོང་བྱས་ཐོག རླབས་ཆེན་ཏང་ལ་ཞེན་པའི་དད་སེམས་དང་མ་ཡུམ་མེས་རྒྱལ་ལ་བཅངས་པའི་དུང་སེམས་ལ་འགྱུར་བ་རྟ་རྔ་ཙམ་ཡང་བཏང་མེད་རྐྱེན། རང་སོའི་ཕྱོགས་གང་ས་ཅི་ཐད་ལ་འབྲས་བུ་ཆེན་པོ་ཐོབ་བྱུང་ལ། ཡིད་ཕམ་དང་གནོང་འགྱོད་སྤུ་ཙམ་མེད་པར་དོན་ལྡན་མི་ལུས་འདིའི་རིན་ཐང་ཕྱོགས་ཡོངས་ནས་ངོམ་ཐུབ་པའང་བྱུང་།

    ལྷག་དོན་དུ་ཡང་རྩེའི་སྟེང་དུ་ཡས་སྒྲོན་ཞེས་པའི་དཔེ་ལྟར། བཀྲ་ཤིས་གཟའ་སྐོར་འཕྲོས་སྦྱོར་འཛོམས་པའི་ཉིན་ཏེ། སྤྱི་ལོ་2010ལོའི་ཟླ་བ་10ཚེས་7ཉིན། ངའི་སྙིང་ཁྲག་གི་ཉིང་ཁུས་གསོས་པའི་གཅེས་ཕྲུག་ལོ་ལོ་ཁོ་བོའི་བསོད་ནམས་ཀྱི་བགོ་སྐལ་དུ་འཁྲུངས་ཤིང་། ངེད་ཚོའི་ཁྱིམ་ཚང་ཆུང་ཆུང་དེའི་ལོ་རྒྱུས་ཀྱི་ཤོག་བྱང་ནར་མོའི་སྟེང་ནས་རྟགས་དང་མཚན་མས་བརྒྱན་པའི་འོད་ཟེར་ཞིག་ལྷམ་ལྷམ་དུ་འཕྲོས།

    གཅེས་ཕྲུག་ཁྱེད་ནི་ངའི་སྙིང་ཁྲག་གི་བཞུར་རྒྱུན་དྭངས་མ་དེ་དང་སྙིང་ཚིལ་བཞུར་བའི་ཉིང་ཁུ་ལྷད་མེད་དེ་ཡིན་ལ། ངའི་སྙིང་ཁ་རུ་འཛུམ་གྱིས་བཞད་པའི་ཡིད་འོང་གི་མེ་ཏོག་དེ་ཡང་ཡིན།

    གཅེས་ཕྲུག་ཁྱེད་ནི་ངའི་ཚེ་སྲོག་གི་དབང་རྩ་དལ་མེད་དུ་འཕར་ལྡིང་ཐུབ་པའི་འགུལ་ཤུགས་གཙོ་བོ་དེ་ཡིན་ལ། ངའི་ཟུངས་ཁྲག་གི་ཟེགས་མ་རེ་རེའི་ནང་རང་བཞིན་གྱིས་ཐིམ་པའི་འགྱུར་མེད་བརྩེ་བའི་མཚོན་རྟགས་རྣལ་མ་དེ་ཡང་ཡིན།

    ཁྱེད་ཡོད་པའི་རྐྱེན་གྱིས་ང་ཚོའི་ཁྱིམ་ཚང་ལ་གསོན་ཤུགས་གསར་པ་རྒྱས་ཤིང་། ཁྱེད་ཡོད་པའི་སྟབས་ཀྱིས་ང་ཚོའི་ཁྱིམ་ཚང་དེ་བས་བདེ་སྐྱིད་ལྡན་པར་གྱུར།

    དེས་ན་མ་འོངས་ཀྱི་ལོ་ཟླའི་ནང་ཁྱེད་ཉིད་བདེ་ཞིང་སྐྱིད་པ་དང་གང་བསམ་ལྷུན་གྱིས་གྲུབ་པའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།