ཕ་ཡུལ་གྱི་བརྩེ་བ་དྲོན་མོ།
གཅིག
རྒྱུན་པར་ཁ་ཐག་རིང་བའི་གཞན་ཡུལ་ནས། ངའི་དྲན་པའི་ལམ་དུ་ཕ་ཡུལ་ཡང་ཡང་འཆར་འོངས། ངའི་ཆེས་ཐོག་མའི་རྣམ་ཤེས་དེ་ནས་རྙེད་ཅིང་། ཆེས་ཐོག་མའི་ལྟེ་ཁྲག་དེ་རུ་འཐོར། ཆེས་ཐོག་མའི་ངུ་སྐད་་དེ་རུ་གྲགས་ཤིང་། ཆེས་ཐོག་མའི་གོམ་ཁའི་དབུ་འཁྱུད་དེ་ནས་འཐེན། ཕ་ཡུལ་ཡ་ཕ་ཡུལ། གནས་དེ་རུ་ངའི་ཤ་རུས་ཀྱི་ལུས་པོ་རིམ་གྱིས་འཚར་ཞིང་། ངའི་རྣམ་ཤེས་ལ་གཤོག་འདབ་རིམ་གྱིས་རྒྱས་ཏེ། ཕ་ཡུལ་ཟེར་བའི་དྲོ་སྐྱིད་ཀྱི་གནས་ཁང་ཆུང་ཆུང་དེ་ནས། འཇིག་རྟེན་ཟེར་བའི་མཐོངས་ཡངས་ཀྱི་གནམ་ས་ཞིག་ལ་གཤོག་སྒྲོ་སྐུལ་ཏེ། མི་ཚེ་དང་ཚེ་སྲོག་ཟེར་བའི་གཏམ་རྒྱུད་སྣ་ཚོགས་པང་དུ་འཐུ་གིན། རྒྱལ་ཁ་དང་ཕམ་ཉེས་ཞེས་པའི་ཐ་སྙད་མང་པོ་པང་དུ་རུམ་གྱིན། མངར་སྐྱུར་འཚོ་བའི་བྲོ་བ་སྣ་ཚོགས་ལ་ཆེས་ཐོག་མའི་ངེས་ཤེས་རྙེད། ཕ་ཡུལ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ཕྱོགས་པའི་གོམ་འགྲོས་རེ་རེའི་ཁྲོད། ངའི་སེམས་ཁོང་དུ་མཛེས་སྡུག་གི་རི་མོ་སྣ་ཚོགས་བརྐོས་ཤིང་། འབད་འཐབ་དང་མདུན་བསྐྱོད་ཀྱི་ལམ་དུ། ངའི་རྔུལ་ཆུའི་ཐིགས་ཕྲེང་མང་པོ་འདུས་ཡོད། ཕ་ཡུལ་ནི་ངའི་སེམས་ཁམས་དང་ཆེས་ཐག་ཉེ་བའི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་འོད་སྣང་དེ་ཡིན་པས། ཕ་ཡུལ་ནས་ཕ་མའི་བྱམས་བརྩེ་དང་ཆུང་དུས་ཀྱི་དྲན་ཤེས་སྣ་ཚོགས། དབྱར་གྱི་མེ་ཏོག་དང་སྟོན་གྱི་འབྲས་བུ་བཞིན་གང་འདོད་དུ་འཐུ་ཆོག་ལ། ཕ་མས་བུ་ལ་བཅངས་པའི་རེ་བ་དང་ཕུགས་འདུན། རྒོད་པོའི་གཤོག་འགྱུར་བཞིན་དུ་མཁའ་ན་མཛེས། ད་དུང་ལེགས་གྲུབ་ཁྲོད་ཀྱི་འཛུམ་མདངས་རེ་རེ་དང་། ཕམ་ཉེས་ཁྲོད་ཀྱི་མིག་ཆུ་མང་པོ། ཕ་ཡུལ་ནས་ཐག་རིང་ལ་ཕྱོགས་པའི་རྐང་རྗེས་ཁྲོད་དུ་བསྟིམས་ནས་ཡོད།
གཉིས།
ངས་འདི་ལྟར་ཕ་ཡུལ་དྲན་དགོས་དོན་ནི། ངའི་དྲན་ཤེས་ཀློང་གི་ཕ་ཡུལ་ན། ང་ལ་བྱམས་པའི་དྲིན་ཅན་ཕ་མ་དང་། སྙིང་ཉེ་བའི་ཤ་རུས་གཅིག་གི་ཕུ་ནུ་མིང་སྲིང་ཡོད་ལ། ཆུང་ནས་ཐལ་རྩེད་ཁྲོད་དུ་མཉམ་དུ་རྩེན་ཞིང་མཉམ་དུ་འཚར་བའི་ཆུང་གྲོགས་དང་། རྩེད་གྲོགས་རྣམས་ཀྱི་མཛེས་པའི་འཛུམ་ཞལ་དང་སྙན་པའི་དགོད་སྒྲ་མང་ལ། ཕ་མ་བུ་ཕྲུག་རྣམས་མེ་ཐབ་ཀྱི་མཐའ་ནས་འཁོར་ཏེ། ཞིམ་པོའི་ཇ་ཆང་དང་བཅུད་ལྡན་ཤ་སྤགས་ལ་རོལ་བཞིན། སྙན་པོའི་ལྷ་སྒྲུང་དང་འཇམ་པོའི་གཏམ་གླེང་སོགས། བསམ་ན་ཡིད་གར་འོང་ཞིང་དྲན་ན་མིག་ལ་མཛེས་པའི། འདས་སོང་འཚོ་བའི་མཛེས་རིས་མང་པོ། ཐག་རིང་གི་འཇའ་ཚོན་དང་ཞོགས་པའི་མཚམས་སྤྲིན་བཞིན་དུ། ངའི་སེམས་ངོས་སུ་ཡང་ཡང་འཆར་འོངས། ཀྱག་ཀྱོག་འབར་འབུར་གྱི་མི་ཚེའི་འཕྲང་ལམ་མང་པོ་བརྒྱུད་པའི་དེ་རིང་། འདས་སོང་འཚོ་བའི་མཛེས་རིས་དེ་དག ངའི་མིག་ལམ་ལས་ཡལ་དཀའ་ཞིང་སེམས་ལས་དོར་ཐབས་བྲལ་བའི། དགོང་དྲོའི་མཚམས་སྤྲིན་ནམ་མཐའི་འཇའ་ཚོན་བཞིན། མཛེས་སྡུག་གི་ཆགས་ཞེན་ཞིག་ཏུ་གྲུབ་ནས་ཡོད།
གསུམ།
གཞན་ཡུལ་ཟེར་བའི་ཆ་མེད་ཀྱི་གནས་ཤིག་ནས། ཕ་ཡུལ་ཟེར་བའི་གནས་ཁང་དྲོ་མོ་དེ་ཡང་ཡང་དྲན་འོངས། རྒྱང་རིང་དུ་ལུས་པའི་ཕ་ཡུལ་ལགས། དབྱར་དང་དགུན། ཉིན་དང་མཚན་མེད་པར། ངས་ཁྱེད་རང་འདི་ལྟར་དྲན་དགོས་དོན་ནི། རྒྱང་རིང་དུ་ལུས་པའི་ཕ་ཡུལ་ན། ངའི་རྟ་ནོར་ལུག་གི་ཕ་གཞིས་སྣུམ་པོ་སྟེ། གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་། ནོར་གནག་གི་ངུར་སྒྲ། ཅང་ཤེས་རྟ་ཕོའི་འཚེར་སྐད་ཡོད་ལ། ཁ་དཀར་རྐྱང་གི་རྨིག་སྒྲ་དང་། འཕོངས་དཀར་དགོ་བའི་གོམ་འགྲོས། སྟོབས་ལྡན་འབྲོང་གི་རྭ་རྩེད་དང་། ཨ་ཕོ་རི་བོང་གི་མཆོངས་ལྡིང་། ད་དུང་ཡང་ཤྭ་བ་དང་གནའ་བ། གླ་བ་དང་གཙོད། འཕར་བ་དང་སྤྱང་ཀི། དོམ་དང་དྲེད་མོང་། དེ་བཞིན་རྒོད་པོ་དང་ནེ་ལེ། ཁྲུང་ཁྲུང་དང་ངང་པ་སོགས། མདོར་ན་བག་ཕེབས་སུ་འཚོ་བའི་གཅན་གཟན་རི་དྭགས་གྲངས་མེད་དང་། མཁའ་ན་ལང་ལིང་གཤོག་རྩལ་ངོམ་པར་བྲེལ་བའི་བྱ་བྱིའུ་སྣ་ཚོགས་ཡོད་ལ། གངས་རི་དང་གཡའ་རི། སྤང་རི་དང་རྫ་རི། གངས་ཆུ་དང་གཡའ་ཆུ། རྫ་ཆུ་དང་ལུ་ཆུ། མཐོན་པོའི་རི་བོ་དང་ཆུང་ཆུང་གི་རི་ཕྲན། དྲག་ཏུ་རྒྱུག་པའི་ཆུ་མོ་དང་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་མང་པོས། མཚན་དགུང་གི་སྐར་ཚོགས་བཞིན་དུ། ཐག་རིང་གི་བུ་ཆུང་བདག་ལ་གཡབ་མོ་དང་མིག་འཛུམ་བྱེད་པས་ཡིན།
བཞི།
ཕ་ཡུལ་དང་བྲལ་བའི་ཐག་རིང་གི་གྲོང་ཁྱེར་འདི་ནས། ངས་རིགས་དང་རྒྱུད་པ་མི་འདྲ་བའི་སྐྱེ་བོ་མང་པོའི་ཁྲོད་དུ། འཛེར་སྐད་ཅན་གྱི་སྦྲང་མ་དང་ལས་བྲེལ་ཆེ་བའི་གྲོག་མ་བཞིན་དུ་འཚོ་དུས། སྣ་མང་ལས་ཀྱི་དཀའ་ཁག་དང་། རྙོག་འཛིང་སེམས་ཀྱི་ཁུར་པོ། གྲོཌ་མེད་བསམ་པའི་ཁེར་སྣང་གི་ཁྲོད་དུ། ཐག་རིང་གི་ཐག་རིང་ཞིག་ན་དབེན་འཇམ་ལ་གནས་པའི་ཕ་ཡུལ་དྲན་འོངས། ངས་ཕ་ཡུལ་ཡང་ཡང་དྲན་དགོས་དོན་ནི། ཕ་ཡུལ་ན་དཔྱིད་དུས་སྤང་ལ་བཞད་པའི་མེ་ཏོག་དང་ཤ་མོ་སྣ་ཚོགས་དང་། མེ་ཏོག་གི་སྦྲང་རྩི་འཐུ་བའི་ཕྱེ་ལེབ་བུང་བ་དང་། སེར་ཤ་དང་དཀར་ཤ་སོགས་པའི་ཤ་མོ་འཐུ་མཁན་གྱི་བྱིས་པ་མང་པོ་ཡོད་ལ། དབྱར་དུས་ཞིང་ནང་སྐྱེས་པའི་འབྲུ་རིགས་སྣ་ལྔ་དང་། པད་ཁའི་མེ་ཏོག་དང་། སྲན་མའི་མེ་ཏོག བྲ་བོའི་མེ་ཏོག་སོགས་ཕྲ་རྒྱན་བཞིན་དུ་བཞད་པའི་མེ་ཏོག་ཤིན་ཏུ་མང་ཞིང་། སེམས་ཁམས་ཡངས་ཤིང་སྣང་བ་སྤྲོ་བའི་བྱིས་པ་དང་ན་ཆུང་ཕྱུགས་རྫི་ཚོས། གཡང་དཀར་དང་ནོར་གནག་རྩྭ་ཁར་འདེད་ཀྱིན། སི་གླུ་དང་རྫི་གླུ་ལེན་བཞིན། དབྱིབས་དང་ཁ་དོག་མི་གཅིག་པའི་མེ་ཏོག་སྣ་ཚོགས། ཕྲེང་ཞལ་བཞིན་དུ་གཅིག་ནས་གཅིག་ལ་སྦྲེལ་ཏེ། སྐེ་རྒྱན་དང་སྣ་རྒྱན། གོས་རྒྱན་དང་མགོ་རྒྱན་དུ་བྱེད་ཅིང་། སྟོན་རླུང་བསིལ་མའི་ཁྲོད་དུ། ལོ་ལེགས་ཀྱི་བསུང་ངད་འཐུལ་བའི་དུས་སུ། ཞིང་ནང་མཛེས་པའི་སྙེ་མའི་རླབས་རྒྱུན་ལང་ལིང་དུ་འཕྱུར་ལ། སྟོན་དུས་ངུར་སྨྲིག་གི་གོས་རྒྱན་མཛེས་པའི་དུས་སུ། སོ་ནམ་ཞིང་པའི་དགའ་བའི་འཛུམ་ཞལ་དང་། ལས་ལ་ཞེན་པའི་ཡུལ་མི་ཚོའི་བརྔ་བསྡུའི་ཁྲོད་ཀྱི་ལས་གླུ་སྙན་མོ། དབྱངས་ཅན་ལྷ་མོའི་རོལ་དབྱངས་བཞིན་དུ་རྣ་བར་འཇེབས། དགུན་དུས་སུ། ཕྱེ་ལེབ་བཞིན་དུ་གང་སར་འཕུར་བའི་ཁ་བའི་འདབ་མ་དང་། ཀ་ཅིའི་གོས་བཟང་གིས་མཛེས་འདྲའི་ས་འཛིན་དཀར་པོ། གཞན་ཡང་རིན་ཆེན་དངུལ་ལས་གྲུབ་འདྲའི་དཀར་དཀར་ཁ་བའི་གཞོང་པ། ད་དུང་ཁ་བའི་ཁྲོད་ན་གངས་མི་བཟོ་བཞིན་གངས་ལ་རྩེན་པའི། ངའི་ཕ་ཡུལ་གྱི་བྱིས་པ་དང་རྩེད་གྲོགས་རྣམས་ཡོད་པས་ཡིན།
ལྔ།
དོན་དུ་ཕ་ཡུལ་ནི་ཨ་མའི་པང་ཁ་དྲོན་མོ་དེ་དང་ནུ་ཞོ་ཞིམ་པོ་དེ་ཡིན་ཏེ། ཕ་ཡུལ་གྱི་པང་དུ་ངའི་ཆུང་དུས་ཀྱི་རྐང་རྗེས་དང་། འཚར་ལོངས་ཀྱི་གཏམ་རྒྱུད། རྒས་དུས་ཀྱི་དྲན་འཆར་སྣ་ཚོགས། མཚན་དགུང་གི་སྐར་ཚོགས་བཞིན་དུ་འཁོར་ནས་ཡོད། དོན་དུ་ཕ་ཡུལ་ནི་ཅི་ཡང་ཐེག་ཐུབ་པའི་ཨ་ཕའི་དཔུང་པ་དང་། གང་ཡང་བཟོད་ནུས་པའི་ཨ་ཕའི་སྒལ་གཞུང་དེ་ཡིན་ལ། ཕ་ཡུལ་ནི་ནམ་མཁའ་བཞིན་དུ་ཡངས་ཤིང་རྒྱ་མཚོ་བཞིན་དུ་ཟབ་པའི་ཨ་ཕའི་བློ་རྒྱ་ཡང་ཡིན་པས། ཕ་ཡུལ་གྱི་པང་དུ་ངའི་ལུས་ཟུངས་ལ་ཤ་ཁྲག་རྒྱས་ཤིང་། ངའི་བློ་མིག་ལ་གཤོག་སྒྲོ་རྒྱས་ཏེ། ངས་ཨ་ཕ་བཞིན་དུ་སྙིང་རུས་དང་སྡུག་རུས་ཆེན་པོས། ཕ་ཡུལ་ནས་ཐག་རིང་ལ་ཕྱོགས་པའི་རྨི་ལམ། ཕ་ཡུལ་གྱི་མངལ་དུ་སྦྲུམ་ཞིང་། ཕ་ཡུལ་ནས་གཞན་ཡུལ་འགྲིམས་པའི་རྒྱང་བཞུད་ཀྱི་རྐང་རྗེས། ཕ་ཡུལ་གྱི་པང་ཁ་ནས་འཐེན། དེ་ལྟར་ཕ་ཡུལ་ནས་བྲལ་རྗེས་ངས་ཕ་ཡུལ་དྲན་གྱིན་ཡོད་ལ། ཕ་ཡུལ་དང་བྲལ་བའི་ཐག་རིང་གི་གཞན་ཡུལ་ནས། ཨ་མའི་བྱམས་སེམས་དང་ཨ་ཕའི་སྙིང་རུས་རང་གི་རྣམ་ཤེས་སུ་བྱས་ཏེ། འཚོ་བའི་ཁ་གསག་གི་ཁྲོད་དུ་ངའི་གོམ་ཁ་མ་འཆོལ་ལ། མི་ཚེའི་རླུང་རླབས་ཀྱི་མདུན་དུ་ངའི་རང་ཚུགས་མ་ཤོར།
དྲུག
བསམ་ཞིང་བསམ་ན་ཕ་ཡུལ་ནི་སྟན་ཐོག་གི་མལ་གདན་དྲོན་མོ་དེ་དང་། ལུས་རྒྱབ་ཀྱི་གྱང་ངོས་བརྟན་པོ་དེ་ཡིན་ལ། རྒྱང་བཞུད་ཐག་རིང་གི་ལམ་བར་གྱི་འགྲོ་རོགས་དང་སྐྱོར་རོགས་དེ་དང་། མར་རྩམ་གྱི་རོ་བཅུད་དང་ཇ་ཆང་གི་སྐོམ་སེལ་ཏེ། ང་རང་བར་མེད་མདུན་དུ་བསྙེག་པའི་ལམ་རྒྱགས་ཞིམ་པོ་དེ་ཡིན་པས། ཀྱག་ཀྱོག་མི་ཚེའི་འཕྲང་ལམ་དུ། ངས་དཀའ་བ་ཁོག་ཏུ་མིད་ཅིང་ངལ་བ་ཁྱད་དུ་བསད་དེ། བཀྲེས་ལྟོགས་ཀྱིས་མནར་ཚེ་འགྲོ་མཚམས་བཞག་ནས་ཟ་འཐུང་ལ་རོལ་ཆོག་ལ། ངལ་དུབ་ཀྱི་དུས་སུ་མལ་གདན་ལ་འཁོད་ཅིང་གྱང་ལ་བསྙེས་ཏེ། ལུས་ངལ་དང་སེམས་ངལ་གསོ་ཆོག ད་དུང་ཡང་ཕ་ཡུལ་ནས་བཏུས་པའི་མེས་པོའི་གཏམ་རྒྱུད་རེ་རེ་དང་། ཕ་ཡུལ་དུ་གསལ་བའི་ཕ་མེས་ཀྱི་ཞབས་རྗེས་རེ་རེ། ངའི་ཀྱག་ཀྱོག་མི་ཚེའི་ལམ་སྟོན་གྱི་སྒྲོན་མེར་གྱུར་ནས། མེས་པོའི་ཞལ་ཆེམས་དེ་དག་ངའི་སེམས་ཀྱི་ཞིང་སར། ས་བོན་བཞིན་རྩ་བ་ཚུགས་ཤིང་མེ་ཏོག་བཞིན་ལྷམ་མེར་བཞད་ལ། བཞད་ནས་ཀྱང་སེམས་ཁམས་ལ་སྤྲོ་སྣང་དང་བཅས། ཕ་ཡུལ་གྱི་རི་དང་ཀླུང་། ཕ་ཡུལ་གྱི་ཆུ་དང་ཆུ་ཕྲན། ཐ་ན་ཕ་ཡུལ་གྱི་རྩི་ཤིང་མེ་ཏོག་གི་འགྱུར་བ་ཕྲ་མོ་ཙམ་ཡང། རྟོགས་འདོད་ཀྱི་རླབས་རྒྱུན་དྲག་པོ་འཇགས་ཐབས་བྲལ།
བདུན།
ཕ་ཡུལ་ནི་སེམས་ཁམས་ཀྱི་མེ་ལོང་ངོས་སུ། འཆར་སླ་བ་ཉི་འོད་དམ་རླུང་བུ་ཞིག་དང་འདྲ་ཡང་། ཡལ་དཀའ་བ་སྦར་མཐིལ་གྱི་རི་མོ་དང་ཐོད་པའི་གཉེར་མ་དང་མཚུངས་པས། ཕ་ཡུལ་ནི་ངའི་སེམས་ངོས་སུ། རྡོ་ལ་བརྐོས་པའི་རི་མོ་མཚར་པོ་སྟེ། དཔྱིད་དུས་ཀྱི་ཆར་ཆུ་དང་། དབྱར་གཞུང་གི་ཉི་འོད། སྟོན་དུས་ཀྱི་རླུང་བུ་དང་། དགུན་དུས་ཀྱི་བུ་ཡུག་གང་གིས་ཀྱང་གཞོམ་ཞིག་མེད་པར། རབ་ཏུ་བརྟན་པའི་ལྷུན་པོ་བཞིན་དུ་འགྱིང་ངེར་གནས། ཕ་ཡུལ་གྱི་ཉིན་མོ་དང་ཕ་ཡུལ་གྱི་མཚན་མོ། ཕ་ཡུལ་གྱི་ཉི་ཟླ་དང་ཕ་ཡུལ་གྱི་སྐར་མ། ཕ་ཡུལ་གྱི་དབྱར་དགུན་དང་ཕ་ཡུལ་གྱི་རི་ཆུ། ད་དུང་ཡང་ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་རྩྭ་ཐང་སྟེང་གི་རྟ་ནོར་ལུག་ཁྱུ་དང་གཅན་གཟན་རི་དྭགས་དེ་དག ཐག་རིང་གཞན་ཡུལ་འགྲིམ་སྐབས་སུ། ངའི་དྲན་སེམས་ཀྱི་བཀྲེས་ལྟོགས་འཇོམས་པའི་རྒྱགས་ཕྱེ་སྣུམ་པོ་དེ་དང་། མི་ཚེའི་གཙང་པོ་སྒྲོལ་དུས། དྲན་སྣང་དང་སྐྱོ་སྣང་གི་ཕ་མཐའ་བརྒལ་བའི་གྲུ་ཆུང་དེ་ཡིན་ན། ངའི་སྙིང་གི་འཕར་ལྡིང་མ་ཉམས་བར་ངས་ཁྱེད་རང་བརྗེད་མི་སྲིད་ལ། ངའི་ལུས་ཟུངས་ཀྱི་ཁྲག་རྒྱུན་མ་ཆད་བར། ངས་ཁྱེད་རང་མི་དྲན་ཅི་ལ་སྲིད།
བརྒྱད།
ཕ་ཡུལ་ནས་གཞན་ཡུལ་ལ་མེད་པའི་ཡིད་འོང་གི་དྲན་ཤེས་མང་པོ་རྙེད་ཐུབ་ལ། ཕ་ཡུལ་ནས་གཞན་ཡུལ་དུ་ཚོར་མི་ཐུབ་པའི་དྲོ་སོབ་སོབ་ཀྱི་བརྩེ་བ་མང་པོ་མྱོང་ཐུབ། ཕ་ཡུལ་ནི་མི་ཚེ་གང་པོར་མྱོང་མི་ཚར་བའི་དྲན་ཤེས་ཁྲོད་ཀྱི་ཞིམ་མངར་སྦྲང་རྩིའི་རོ་བཅུད་དེ་ཡིན་ལ། ཕ་ཡུལ་ནི་མི་ཚེ་གང་པོར་ཀློག་མི་ཚར་བའི། ཡིད་ལ་འཇགས་ཤིང་རྣ་བར་སྙན་པའི་གཏམ་རྒྱུད་རིང་མོ་ཞིག་རེད། ཕ་ཡུལ་ནི་བསླུ་བྲིད་ཆེ་བའི་མཁའ་མཐའི་འཇའ་ཚོན་མཚར་པོ་དེ་ཡིན་ལ། ཕ་ཡུལ་ནི་རྣ་བར་འཇེབས་པའི་མི་ཚེའི་དབྱངས་རྟ་སྙན་པོ་དེ་དང་། སེམས་ཀྱི་དང་བ་འདྲེན་པའི་ལྕགས་ཀྱུ་རྣོན་པོ་དེ་རེད། དེ་ནི་ཕ་ཡུལ་ལས་འཁྲུངས་པའི་སེམས་ཁོང་གི་ཞེན་ཆགས་དེ་ཡིན་ལ། དེ་ནི་ང་རང་ཕ་ཡུལ་ཟེར་བའི་དྲོ་སོབ་སོབ་ཀྱི་གནས་ཁང་དེ་ལས་བྲལ་རྗེས། ཕ་ཡུལ་གྱིས་བདག་ལ་བྱིན་པའི་འཛད་མེད་ཀྱི་དྲན་ཤེས་རེད། ཕ་ཡུལ་ལགས། ཐག་རིང་གི་གཞན་ཡུལ་འདི་ནས། ངས་རྟག་ཏུ་ཁྱེད་རང་དྲན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།