དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • གངས་ལྗོངས་བཟོ་བོས་རིག་རྒྱུན་འཛིན། མངོན་མིན་རིག་གནས་བཀྲག་མདངས་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-17

    གངས་ལྗོངས་ས་མཐོའི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་ཀྱི་རྣམ་པ་དང་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱིས་ནང་དོན་གཏིང་ཟབ་པ་དང་ཐུན་མིན་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྐྱེད་སྲིང་བྱས། ལོ་ངོ་སྟོང་ཕྲག་རིང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་སྣ་ཚོགས་ས་མཐོའི་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་ཁྱབ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་མི་རབས་ནས་མི་རབས་བར་གྱིས་འབད་འབུངས་ལ་བརྟེན་ནས་རྒྱུན་འཛིན་བྱས་ཡོད། སྤོས་བཟོ་བ་དང་། སྲོལ་རྒྱུན་འཐག་ལས། གནའ་བོའི་ཆང་རག་སྙོལ་སྟངས་སོགས་ཁྱད་ལྡན་ལག་རྩལ་དེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་དོད་པའི་གཞི་རྟེན་ཞིག་ཏུ་གྱུར་ནས། གངས་ལྗོངས་ས་གཞི་ཆེན་མོའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་དྲན་ཤེས་དང་མི་ཆོས་རིག་གནས་ཀྱི་སྙིང་སྟོབས་མངོན་ཡོད།

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་ས་མཐོའི་མངོན་མིན་རིག་གནས་ཤུལ་བཞག་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གཞི་རྟེན་གཙོ་བོར་བྱས་པ་དང་། སྣ་ཁ་ཕུན་སུམ་ཚོགས་པ། ནང་དོན་གཏིང་ཟབ་པ་བཅས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་དམངས་སྲོལ་གུས་སྲོལ་དང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། དུས་ཡུན་རིང་པོའི་ཐོན་སྐྱེད་ལག་ལེན་ཁྲོད་དུ་མེས་པོ་ཚོས་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་རྫས་དང་འཚོ་བའི་བློ་གྲོས་ལ་བརྟེན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལག་ཤེས་མང་པོ་བཏོད་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་མུ་མཐུད་བཏང་ནས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་བརྒྱུད་རིམ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་གཞུང་མ་ལག་བཙུགས་ཏེ། ས་མཐོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་ཁུངས་སྣ་ཚོགས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། སྲུང་སྐྱོང་། གང་འགབ་ཅི་སྤྱོད་བཅས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་རྨང་གཞི་བརྟན་དུ་བཏང་ཡོད། ལྗོངས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཐད་ཀྱི་སྲུང་སྐྱོང་མ་དངུལ་དང་སྲིད་ཇུས་བཏོན་ཤུགས་ཆེ་རུ་མུ་མཐུད་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོ་འགོད་དང་། ལག་རྩལ་ལེགས་སྒྲིག རིག་གནས་ཞིབ་འཇུག་བཅས་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་བ་མ་ཟད། གནའ་བོའི་ལག་ཤེས་བཟོ་རྩལ་གྱི་ལག་རྩལ་བརྒྱུད་རིམ་དང་རིག་གནས་ཀྱི་དྲན་ཤེས་བརྒྱུད་རིམ་ལྡན་པའི་ངང་ཉར་ཚགས་བྱས་ཡོད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་དང་གསར་གཏོད་ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་འགུལ་མེད་སྲུང་སྐྱོང་ནས་གསོན་ཉམས་ལྡན་པ་དང་སྤྱོད་གོ་ཆོད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྤོས་དང་། འཐག་ལས། ཆང་རག་སྙོལ་སྟངས་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་རིག་གནས་ཡུལ་སྐོར་དང་། གྲོང་གསེབ་དར་རྒྱས། རིག་གནས་བསམ་བཀོད་གསར་སྤེལ་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ཐོན་ལས་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འགྲེམས་སྟོན་དང་འགྲེམས་ཚོང་ལས་སྟེགས་སྐྲུན་པ་དང་། ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་འཛུགས་པ་བཅས་བརྒྱུད། བོད་ལུགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ས་མཐོ་ནས་ཐོན་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པར་བྱས་པས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས། རིག་གནས་སྲུང་སྐྱོང་དང་རིག་རྒྱུན་རྒྱུན་འཛིན་གཉིས་དམངས་འཚོ་འཕེལ་རྒྱས་དང་མཐུན་རྐྱེན་སྦྱོར་རེས་ཐུབ་པ་བྱུང་ཡོད།

    ད་ཆའི་གངས་ལྗོངས་ས་མཐོར་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་ལ་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་བཟོ་བོའི་བརྟན་སྲུང་ཁྲོད་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཁྲོད་དུ་རིམ་སྤོར་བྱུང་ནས། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོ་གངས་ལྗོངས་རིག་རྒྱུན་གྱི་སྲུང་སྐྱོང་བ་དང་། བརྒྱུད་སྤེལ་བ། གསར་གཏོད་བ་བཅས་སུ་གྱུར་ཡོད། རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མི་རབས་ནས་མི་རབས་བར་གྱི་བརྟན་སྲུང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་དུས་རབས་གསར་པར་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དེ་བས་བཀྲག་མདངས་འཚེར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།