པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་འགན་སྒྲུབ་ཕྱག་ལས་དང་གཞིས་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ།
ཟླ་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་འགན་སྒྲུབ་ཕྱག་ལས་གནང་བ་དང་སྦྲགས། གཞིས་རྩེ་གྲོང་ཁྱེར་དུ་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད།
ཟླ་9ཚེས་19ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། པཎ་ཆེན་རིན་པོ་ཆེས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ལས་ཀའི་འཆར་གཞི(2026-2030)》ཡིས་གོམ་སྟབས་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་པོ་བཏོན་ཡོད། བློ་བརྟན་འགྱུར་མེད་ངང་རྒྱལ་གཅེས་ཆོས་གཅེས་མཐའ་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་དགོས།
ཟླ་9ཚེས་30ཉིན། པཎ་ཆེན་རིན་པོ་ཆེས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་6པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་ཀྱང་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ནན་བཤད་གནང་དོན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་གོམས་སྟབས་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིགས་བརྟན་པོ་བཙུགས་ཏེ་རྒྱུན་གཏན་གྱི་སྐོར་ཞིབ་དང་སྲུང་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་དང་། རིག་དངོས། འགྲིམ་འགྲུལ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་བསལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རགས་བརྟན་དུ་གཏོང་དགོས།
དེའི་རིང་། པཎ་ཆེན་རིན་པོ་ཆེས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་སྐབས་ལྔ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་7པ་སོགས་གཙོ་སྐྱོང་གནང་བ་དང་། བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི“བོད་ཀྱི་མི་ཚང་མ་བདེ་ཐང”གི་སྤྱི་ཕན་རྣམ་གྲངས་ལོ་ལྔ་འཁོར་བའི་དྲན་གསོའི་འགྲེམས་སྟོན་དང་བོད་ཀྱི་གཞོན་ནུའི་ལང་ཚོའི་དཔལ་སྦྱིན་ཚོགས་ཆེན་གྱི་བྱེད་སྒོར་ཞུགས་པ་རེད། བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་དང་བཀྲས་ལྷུན་དགོན་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་ཁང་དམར་རྫོང་གནས་རྙིང་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གཟིགས་སྐོར་གནང་བ་དང་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཚིགས་སུ་བརྟག་ཞིབ་གནང་བ་རེད། པཎ་ཆེན་རིན་པོ་ཆེས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ་བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ཐུབ་ཅེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེས་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཟབ་མོ་གནང་གི་ཡོད། ཁོང་ས་སྐྱ་རྫོང་ལི་གྲོ་འདེབས་འཛུགས་ལས་སྣོན་རྟེན་གཞིར་ཕེབས་ནས་ཞིང་ནང་དུ་ལི་གྲོའི་སྐྱེ་འཚར་ལ་གཟིགས་པ་དང་། བཞད་མཐོང་སྨོན་རྫོང་བོད་ལྗོངས་ཨ་རུ་རྣམ་རྒྱལ་བོད་ལུགས་གསོ་རིག་བོད་སྨན་གསར་སྤེལ་ཚད་ཡོད་ཀུང་སིར་ཕེབས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གཞུང་འཁྱོངས་གསར་འབྱེད་དང་ལས་ཞུགས་ཐག་གཅོད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ། ཆབ་ཁ་ཆུ་ཚན་ལུས་གསོའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་ཕེབས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་དམངས་སྲོལ་གནས་ཚང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། བརྟག་ཞིབ་གནང་རིང་། པཎ་ཆེན་རིན་པོ་ཆེས་ས་གནས་ཁག་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པར་ཐུགས་དབུས་ནས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། དེ་ནས་སྟོབས་ཆེར་གྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་གཏོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
པཎ་ཆེན་རིན་པོ་ཆེས་གཞིས་རྩེར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་གསོལ་འདེབས་སྨོན་ལམ་འཚོགས་གནང་བ་དང་། བཀྲས་ལྷུན་དགོན་གྱི་ན་གཞོན་དགེ་འདུན་པ་ཁག་གཅིག་གི་སྐྲ་ཕུད་བཞེས་ནས་དགེ་ཚུལ་གྱི་སྡོམ་པ་གནང་བ། བཀྲས་ལྷུན་དགོན་གྱི་དགེ་འདུན་པ་ཡོངས་ཀྱི་གསོལ་འདེབས་སྨོན་ལམ་ལ་ཞུགས་པ་དང་། སྐུ་འཆམ་ལ་གཟིགས་པ་མ་ཟད། དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད། དེའི་རིང་པཎ་ཆེན་རིན་པོ་ཆེས་ད་དུང་ཁང་དམར་རྫོང་གནས་རྙིང་ཆོས་སྡེ་དགོན་དང་། པ་སྣམ་རྫོང་བྱང་མགོན་ཆོས་སྡེ་དགོན། བཤད་སྒྲུབ་གླིང་བཅས་སུ་གནས་གཟིགས་དང་བཀའ་ཆོས་གནང་བ་རེད། དགོན་སྡེ་ཁག་གིས་ཆོས་ལུགས་ཀྱི་གུས་སྲོལ་མཐོ་ཤོས་ཀྱིས་པཎ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།