དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • མངོན་མིན་རིག་གནས་ཤུལ་བཞག་ལས། སླར་ཡང་བཀྲག་མདངས་རབ་ཏུ་འཚེར།

    —— དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་ཤི་ལོག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-10

    འདི་ནི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་ཤི་ལོག་དང་ཁོང་གིས་བཟོས་པའི་འཆམ་འབག་ཡིན་པ།

    ལྷ་སའི་རས་འབག་བཟོ་རྩལ་2013ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་རེད། 2014ལོར་སྟག་རྩེ་ཆུས་ཞོག་ཤང་གི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་ཤི་ལོག་རྩལ་ནུས་དེའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས།

    བགྲང་བྱ་སུམ་ཅུ་ལྷག་ཙམ་རིང་། ཤི་ལོག་གིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་ཕོད་པ་བྱས་ནས་རས་འབག་སོགས་ཁྱད་ལྡན་ལག་ཤེས་ཐོན་རྫས་སྣ་ཚོགས་ཞིབ་ཚགས་བཟོས། འབག་ཉར་ཚགས་དགའ་ཞེན་པ་ཚོས་ཐོན་རྫས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་པོ་ཡོད། བཟོ་རྩལ་དེས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་གནའ་བོའི་བཟོ་རྩལ་རྒྱུ་ཆ་སྲུང་སྐྱོང་ནུས་ལྡན་དང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་བོད་བཟོའི་རས་འབག་ཚབ་མཚོན་དུ་བྱས་པའི་བོད་ཀྱི་རིག་གནས་དེ་བས་ཁྱབ་སྤེལ་རྒྱ་ཁྱབ་ཐུབ་ནས། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་སླར་ཡང་བཀྲག་མདངས་རབ་ཏུ་འཚེར་བར་བྱས།

    མངགས་ཐོ་རྣམ་པའི་བཟོ་སྟངས་དར་སོ་ཆེ་བ།

    “ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུ་ཧ་ཅང་ཡག་པོ་འདུག ཁོང་ཚོ་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ཆེ་བ་མ་ཟད། སྲོལ་རྒྱུན་གྱི་འབག་བཟོ་བར་བྱང་ཆུབ་པས་ང་ཚོས་རྟག་ཏུ་ཁོང་ཚོ་དང་མཉམ་ལས་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་བསོད་སྒྲོན་གྱིས་བཤད།

    2022ལོར། བོད་ལྗོངས་རྟེན་མཛོད་ཁང་གི་དམངས་སྲོལ་རིག་གནས་འགྲེམས་སྟོན་གྱི་སྟ་གོན་དང་སྒོ་མོ་འབྱེད་པའི་མཚམས་སུ་ཞོ་སྟོན་གྱི་འབག་འགྲེམས་ཁུལ་སྟོང་པར་ལུས་པས། རྟེན་མཛོད་ཁང་གིས་སྟག་རྩེ་ཆུས་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནས་ཆེད་མངགས་ཞོ་སྟོན་གྱི་ལྷ་མོའི་འཁྲབ་གཞུང་ཚང་མར་མཁོ་བའི་འབག་ཆ་ཚང་ཞིག་བཟོས། 2026ལོར་རྟེན་མཛོད་ཁང་གིས་དར་གོས་འགྲེམས་སྟོན་གྱི་གྲ་སྒྲིག་བྱེད་སྐབས་དེ་དང་འབྲེལ་བའི་རམ་འདེགས་འཁྲབ་ཆས་དགོས་མཁོ་ཆེ་བར་བརྟེན། སླར་ཡང་ཤི་ལོག་དང་འབྲེལ་བ་བྱས་ཏེ་ཁོང་ལ་འཆམ་ལ་མཁོ་བའི་རས་འབག་ནག་པོ་བཟོ་དགོས་པའི་མངགས་བཅོལ་བྱས།

    “སྐུ་མགྲོན་ལ་གང་ཞིག་མཁོ་ན་ང་ཚོས་དེ་རང་བཟོ་གི་ཡོད། སྐུ་མགྲོན་མང་ཆེ་བས་རང་ཉིད་ཀྱིས་དཔེ་དབྱིབས་དང་། པར་རིས། དེ་བཞིན་དེ་ལ་མཁོ་བའི་རྒྱུ་ཆ་བཅས་འཁྱེར་ཡོང་གི་རེད། ང་ཚོས་རྦད་དེ་སྐུ་མགྲོན་གྱི་དགོས་མཁོ་ལྟར་བཟོ་གི་ཡོད། ད་ཆ་ཐོན་རྫས་ཀྱི་ཚོང་ལམ་ཧ་ཅང་བརྟན་པོ་ཡོད་པ་དང་། ད་ལོ་ད་དུང་ན་ནིང་མངགས་པའི་འབག་བཟོ་གི་ཡོད”ཅེས་ཤི་ལོག་གིས་འཛུམ་དམུལ་དམུལ་ངང་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས་བཟོས་པའི་འབག་དང་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དག་གཙོ་བོ་གསོལ་མགྲོན་ཁང་དང་། ལྷ་མོ་རུ་ཁག ཟློས་གར་ཁང་། རིག་གནས་ཡུལ་སྐོར་རོལ་རྩེད་ཁང་སོགས་ལ་འཚོང་གི་ཡོད། འབག་མི་འདྲ་བའི་རིན་གོང་གི་ཧེ་བག་ཀྱང་ཅུང་ཆེན་པོ་ཡོད་དེ། སྒོར་བརྒྱ་ཕྲག་ཁ་ཤས་དང་སྟོང་ཕྲག་ཁ་ཤས་ནས་ཁྲི་ཕྲག་ཁ་ཤས་བར་རིན་གོང་མི་འདྲ་བ་ཡོད། མཉམ་ལས་ཁང་ནས་ལོ་རེར་ཆ་སྙོམས་འབག་400ཙམ་བཟོ་ཐུབ་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་86ཙམ་ཟིན་གྱི་ཡོད།

    ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱས་པ།

    སྟག་རྩེ་ཆུས་ཞོག་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགྲེམས་ཁང་དུ་སྐྱོད་སྐབས། བཟོ་རྩལ་ཁྱད་དུ་འཕགས་པའི་འབག་དང་། བོད་ཆས། ཐང་ག་བཅས་གྲལ་སྟར་འགྲིག་པོར་བསྒྲིགས་ཡོད་པ་དང་། འཆམ་གྱི་འབག་ཚོང་ཁུལ་དང་མི་སྣའི་འབག་ཚོང་ཁུལ་གྱི་འབག་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་ལྡན་པ་དང་། ཚོས་གཞི་དང་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད།

    འབག་གི་མི་རིགས་རང་བཞིན་དང་རྒྱུན་འཛིན་རང་བཞིན་རྒྱུན་འཁྱོངས་བྱ་ཆེད། ཤི་ལོག་གིས་སྔར་ནས་ད་བར་སྲོལ་རྒྱུན་གྱི་རས་འབག་བཟོ་སྟངས་དང་བརྒྱུད་རིམ་ལེགས་པར་བསྲུངས་པ་མ་ཟད། དེའི་རྨང་གཞིའི་ཐོག་དུས་བསྟུན་འཕེལ་རྒྱས་བཏང་ནས་རྒྱུ་ཆ་གསར་པ་དང་བཟོ་སྟངས་གསར་པའང་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད།

    “དང་ཐོག་མར་ང་ཚོས་བྱུ་རུ་ཁོ་ནས་འབག་བཟོ་ཡི་ཡོད། ཕྱིས་སུ་གཡུ་དང་མུ་ཏིག་གིས་བཟོ་ཡི་ཡོད”ཐེངས་ཤིག་ང་རང་ཞ་མོན་དུ་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོ་འཛོམས་སའི་ལག་ཤེས་བཟོ་རྩལ་གྱི་འགྲེམས་ཚོགས་ཤིག་ལ་ཞུགས་སྐབས། བྱུ་རུ་དང་མུ་ཏིག་གི་ཐང་ག་མཐོང་བྱུང་བས་རིན་པོ་ཆེ་སྣ་ཚོགས་ཀྱི་འབག་བཟོ་རྒྱུའི་བསམ་བློ་འཁོར་ཏེ། སྲོལ་རྒྱུན་རྒྱུ་ཆའི་བཀག་རྒྱ་ལས་བསྒྲལ་ཏེ་འབག་ལ་ཐུན་མིན་གྱི་ཁྱད་ཆོས་དང་ཉར་ཚགས་ཀྱི་རིན་ཐང་དེ་བས་ལྡན་པར་བྱས་པ་ཡིན་ཞེས་ཁོང་གིས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    འབྱུང་འགྱུར་ལ་ཕྱོགས་སྐབས། ཤི་ལོག་གིས་མཉམ་ལས་ཁང་གི་འཕེལ་རྒྱས་ཐད་དེ་བས་ཕུགས་ལ་ཕན་པའི་འཆར་གཞི་བཀོད་ཅིང་། ཁོང་གིས། མོ་ཊའི་ནང་གི་སྒྲོག་ཆས་ཆུང་ཆུང་ལྟ་བུ་དང་འབག་ཆུང་ཆུང་དང་རྒྱན་ཆ་སྣ་ཚོགས་སོགས་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས་གཙོ་གནད་ཐོག་གསར་སྤེལ་བྱེད་ཀྱི་ཡིན་ཞེས་བཤད་པ་དང་། ཁོང་གིས། ཆེད་ལས་ཀྱི་ཇུས་འགོད་སྟོབས་ཤུགས་ལ་བརྟེན་ནས་བོད་བཟོའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་ཁྲོམ་རའི་དགོས་མཁོ་དང་དེ་བས་འཚམ་པོ་ཡོང་བར་བྱས་ཏེ། སྲོལ་རྒྱུན་དང་གསར་གཏོད་ཟུང་འབྲེལ་གྱི་འཕེལ་རྒྱས་ལམ་བུ་ཞིག་གཏོད་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ།

    སྟག་རྩེ་ཆུས་ཞོག་ཤང་ཞོག་ཕུ་གྲོང་ཚོ་ནས་ཡིན་པའི་བློ་བཟང་2024ལོར་སློབ་ཆེན་ཐོན་པ་དང་། 2025ལོར་མཉམ་ལས་ཁང་གི་དྲུང་ཡིག་བྱས། རྣམ་ཀུན་ཁོང་གིས་མཉམ་ལས་ཁང་གི་ཡིག་ཆ་འབྲི་བའི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་བ་ཕུད། ད་དུང་རང་འགུལ་ངང་ལས་སྒོ་གཉེར་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་གཞས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།

    “ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད། དེས་མ་ཚད་སྤྱི་ཚོགས་འགན་བཅོལ་དང་། ཁ་ལག སྡོད་ས་བཅས་ཚང་མ་ཡོད་ལ། ལོ་མཇུག་དང་ཞོ་སྟོན་ལ་ད་དུང་བགོ་འགྲེམས་ཡོད་པ་དང་དུས་ཆེན་གཏོང་སྐབས་འབྲས་དང་། བཟའ་སྣུམ། གྲོ་ཞིབ་སོགས་འཚོ་བའི་མཁོ་ཆས་ཀྱང་ལེན་རྒྱུ་ཡོད”ཅེས་བློ་བཟང་གིས་བློ་ཡིད་ཚིམ་པོས་དེ་ལྟར་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་བཙུགས་ཚུན། སྟག་རྩེའི་ཞིང་འབྲོག་པ་དང་སློབ་གྲྭ་ཆེ་མོ་བ་23ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ཁོང་ཚོར་ལོར་ཡོང་འབབ་སྒོར་ཁྲི་དྲུག་ཅུ་བདུན་ཅུ་ཙམ་བྱུང་ཡོད།

    ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་ཕུད། ཤི་ལོག་གི་མཉམ་ལས་ཁང་གིས་ད་དུང་ལག་ཤེས་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས་ཁོང་ཚོར་འཚོ་ཐབས་སྔར་བས་ཡག་པོ་ཡོང་བར་བྱས་པ་མ་ཟད། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དེ་བས་ལེགས་པ་ཐུབ་པར་བྱས་ཡོད།

    མཉམ་ལས་ཁང་གི་འབྱུང་འགྱུར་འཕེལ་རྒྱས་ལ་ཇུས་འགོད་དང་གཞོན་ནུ་ཤེས་ལྡན་པ་བསྡུ་ལེན་བྱེད་པ་ཕུད། ཤི་ལོག་གིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་པོར་བསྲུངས་ནས་རྒྱུན་འཛིན་པ་གསོ་སྐྱོང་བྱས་དང་བྱེད་མུས་རེད། “སླད་ཕྱིན་མི་དེ་བས་མང་བ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ལག་ཤེས་སྦྱོང་འདོད་ཡོད་པ་ཚང་མར་ལག་ཤེས་གང་ཐུབ་སློབ་ཀྱི་ཡིན”ཞེས་ཤི་ལོག་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།