མི་རིགས་མཐུན་སྒྲིལ་གྱི་དན་རྟགས་ས་སྐྱའི་བསུ་བའི་སྐོར་ལ་ཅུང་ཟད་དཔྱད་པ།
གླེང་གཞི།
དཔལ་ལྡན་ས་སྐྱའི་གནའ་བོའི་གྲོང་ཁྱེར་གྱི་དམངས་ཁྲོད་རིག་གནས་ཏེ་བསུ་བ་ཞེས་ཡོངས་སུ་གྲགས་པའི་སྒྱུ་རྩལ་འདི་ཉིད་ནི།ད་ལྟའི་བར་དུ་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་བཙོ་སྦྱངས་དང་འཕེལ་རྒྱས་བྱུང་བའི་རྩོམ་རིག་དང་སྒྱུ་རྩལ་གྱི་བང་མཛོད་ཆེན་པོ་ཞིག་ཏུ་གྲུབ་ཡོད། དེ་ཡང་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《རོལ་མོའི་བསྟན་བཅོས་》ལས། “གང་ན་ཐོད་དང་སྒྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོའི་བསྔགས་པ་ཡིན། །” ཞེས་གསུངས་པ་ལྟར། གནའ་གྲོང་ས་སྐྱའི་བསུ་བའི་ཞབས་གཞས་འདི་ལའང་ཚིག་གི་འགྲོས་དང་བསྟུན་པའི་གཞས་གདངས་སྙན་ཞིང་འགྱུར་ཁུག་མི་འདྲ་བ་སྣ་ཚོགས་ཀྱིས་ཕྱུག་པ་མ་ཟད། ཡུལ་དེ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བའི་སྒྱུ་རྩལ་ཏེ། གར་སྟབས་ཀྱི་མཛེས་པ། ཆ་བྱད་ཀྱི་བརྗིད་ཉམས། བརྗོད་བྱའི་ཟབ་ཚད་བཅས་ཕྱོགས་ཡོངས་ནས་ལོ་རྒྱུས་ཀྱི་རིན་ཐང་བླ་ན་མེད་པ་ལྡན་ལ། སྒྱུ་རྩལ་གྱི་ཉམས་འགྱུར་ཡོངས་སུ་རྫོགས་པའི་ངོ་མཚར་གྱི་ཁྱད་ཆོས་དུ་མ་མངའ་བའི་དམངས་ཁྲོད་རིག་གནས་ཀྱི་ནོར་བུ་ཞིག་ཡིན།བསུ་བ་ཞེས་པའི་ཐ་སྙད་འདིའི་གོ་དོན་ནི།ཕྱོགས་གཅིག་ནས་བརྩི་བཀུར་དང་ཆེ་མཐོང་གི་སྒོ་ནས་སྐུ་མགྲོན་ཕེབས་བསུ་ཞུ་བ་དང་།ཕྱོགས་གཞན་ཞིག་ནས་ལྷ་ཀླུ་གཞི་བདག་རྣམས་ལ་གསོལ་ཁ་དང་མཆོད་འབུལ་བྱེད་པའི་ཆོ་གའི་རྣམ་པ་ཞིག་ལ་གོ་བ་ཡིན། དེར་བརྟེན་ཡུལ་མི་རྣམས་ཀྱི་ངག་སྲོལ་དུ “བསུ་བ” དང་ “གསོལ་བ” ཞེས་འབོད་ཚུལ་མི་འདྲ་བ་གཉིས་ཙམ་མཆིས།ས་སྐྱའི་ཁུལ་དུ་དར་ཁྱབ་ཆེ་བའི་བསུ་བ་འདི་ནི་ས་གནས་རང་དུ་དར་སྲོལ་ཤིན་ཏུ་ཆེ་ཞིང་སྙན་གྲགས་ཀྱི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བ་མ་ཟད།སྒྱུ་རྩལ་གྱི་མཚོན་ཐབས་སོགས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། གཟུགས་རྣམ་གྱི་གོམ་འགྲོས་བརྟན་པ། ལག་པའི་གར་སྟབས་མཉེན་པ། རྐང་པའི་རྡོག་འགྲོས་སྙོམས་པ། ལུས་ཀྱི་ཉམས་འགྱུར་ལྡེམ་པ། གདོང་གི་འཛུམ་མདངས་དྭངས་པ་སོགས་ཕྱི་ནང་གི་མཛེས་པ་ཟུང་དུ་འབྲེལ་བ་དང་། དེ་མིན་འཁྲབ་ཆས་དང་གྲལ་སྟར་སྒྲིག་སྟངས་སོགས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་བླ་སྲོག་གིས་ཡོངས་སུ་ཕྱུག་གོ།
དང་པོ། ས་སྐྱ་རྫོང་ས་སྐྱའི་བསུ་བའི་འཁྲབ་སྲོལ་ཇི་ལྟར་བྱུང་བའི་སྐོར།
ས་སྐྱའི་བསུ་བ་འདི་ནི་གཞིས་རྩེ་ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་གྱི་ཁོངས་སུ་དར་ཁྱབ་བྱུང་བ་དང་། ད་ལྟའི་བར་དུ་ལོ་ངོ་ ༧༠༠ ལྷག་ཙམ་གྱི་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་མོ་ལྡན་ཞིང་ས་སྐྱ་ཁོ་ནར་མ་གཏོགས་མེད་པའི་གནའ་བོའི་ཆོ་གའི་རང་བཞིན་ལྡན་པའི་ཞབས་བྲོ་ཁྱད་པར་བ་ཞིག་ཡིན། དམིགས་བསལ་གྱི་རིན་ཐང་འདི་དག་ལ་བརྟེན་ནས་ ༢༠༠༧ ལོར་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་ཐོའི་ནང་དངོས་སུ་ཐོ་འགོད་བྱས་ཡོད། ཡུལ་དངོས་ཀྱི་རྟོག་ཞིབ་དང་འབྲེལ་ཡོད་རྒན་རབས་པ་དག་གི་ངག་རྒྱུན་ལོ་རྒྱུས་ལ་གཞིགས་ན། སྒྱུ་རྩལ་རྨད་དུ་བྱུང་བ་འདི་ནི་ཡོན་རྒྱལ་རབས་ཀྱི་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་ཐོག་མར་དབུ་བརྙེས་ཤིང་། དང་ཐོག་དགོན་སྡེའམ་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་སྐབས་རྟེན་འབྲེལ་མཚོན་བྱེད་དུ་འཁྲབ་པའི་གཟབ་རྒྱས་ཀྱི་ཞབས་བྲོ་ཞིག་ཏུ་བརྩི། ལོ་རྒྱུས་ཀྱི་ངག་རྒྱུན་ལྟར་ན་ཕྱི་ལོ་ ༡༢༧༦ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནང་ས་ནས་མདོ་དབུས་མཐོ་སྒང་གི་ས་སྐྱའི་གདན་སར་ཕྱིར་ལོག་གནང་རྗེས། ས་གནས་དེ་གའི་དད་ལྡན་མི་སེར་ཚོས་བསུ་བའི་ཞབས་བྲོ་འཁྲབ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་དད་གུས་དང་དགའ་སྤྲོའི་རྣམ་པ་ཟླ་མེད་པ་མཚོན་པར་བྱས་པ་རེད། དེ་ཙམ་མ་ཟད་ས་སྐྱ་ཁྲི་ཆེན་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་དང་། སྐུ་མགྲོན་གཙོ་ཆེན་གདན་འདྲེན་ཞུ་སྐབས། ཆོས་རྒྱལ་ཕྱིར་ཕེབས་སྐབས་བསུ་སྐྱེལ་ཞུ་བ་སོགས་ལའང་སྤྱོད་སྲོལ་རྒྱ་ཆེར་དར་ཡོད།
ངག་རྒྱུན་གཞན་ཞིག་ལྟར་ན། ས་སྐྱ་ངག་དབང་ཀུན་དགའ་རིན་ཆེན་གྱི་དུས་སྐབས་སུ་ས་སྐྱ་དང་བྲག་དཀར་ལྷ་ས་རྫོང་པ་དབར་འཐབ་རྩོད་བྱུང་བ་ལས་རྣམ་པར་རྒྱལ་བའི་དུས་སུ། མང་ཚོགས་ཀྱིས་བསུ་བའི་ཞབས་བྲོས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པར་ཡང་གྲགས། འོན་ཀྱང་སྔ་དུས་སུ་ཞབས་བྲོ་དེ་ནི་དགོན་པ་དང་ས་གནས་ཀྱི་དབང་ཆ་ཆེ་བའི་མི་སྣས་སྒམ་བརླིང་དང་གཟབ་རྒྱས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པ་ལས། སྤྱིར་བཏང་གི་དམངས་ཁྲོད་ཞབས་བྲོ་དཀྱུས་མ་ཞིག་མིན། ས་སྐྱའི་བསུ་བ་དེ་ཐོག་མཐའ་བར་གསུམ་དུ་རམ་འདེགས་རོལ་ཆ་གང་ཡང་མེད་པར་རམ་དཀྲོལ་ཚང་མ་མི་རང་གི་ངག་ནས་གླུ་ལེན་ཞོར་དུ་བྲོ་འཁྲབ་པ་འདི་ནི་དེའི་མཚོན་རྟགས་རང་བཞིན་གྱི་ཐུན་མིན་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།
ཡོན་དང་མིང་རྒྱལ་རབས་སྐབས་སུའང་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་གཙོ་བོར་བྱས་ཏེ། ས་སྐྱ་འཁོན་གྱི་ཁྱིམ་རྒྱུད་དང་ས་སྐྱ་དགོན་པའི་ཆབ་སྲིད་དང་ཆོས་ལུགས་ཀྱི་བྱེད་སྒོའི་དབར་འབྲེལ་བ་ཤིན་ཏུ་དམ་ཟབ་ཆགས་ཡོད། འཁྲབ་མིའི་གྱོན་ཆས་ནང་མཐོ་བོད་བཙན་པོའི་སྐབས་ཀྱི་གནའ་བོའི་དམངས་སྲོལ་རྗེས་ཤུལ་མི་ཉུང་བ་ཞིག་མ་ཉམས་པར་སོར་འཇོག་བྱས་ཡོད་ལ་ས་མཐོའི་རང་བྱུང་ཁམས་ལ་དད་གུས་བྱེད་པའི་ཤུལ་བཞག་ཀྱང་མངོན་པར་གསལ།
མིང་དང་ཆིང་རྒྱལ་རབས་ཀྱི་རྗེས་སུ་ཞབས་བྲོ་འདི་རིམ་གྱིས་དམངས་ཁྲོད་ཅན་དུ་གྱུར་པ་སྟེ། སྲིད་དབང་གི་ཁྱད་ཆོས་རིམ་བཞིན་ཇེ་ཞན་དུ་གྱུར་ཞིང་། མང་ཚོགས་ཀྱི་ཆར་སྨོན་མཆོད་འབུལ་གྱི་གླུ་གར་དུ་གྱུར་པ་རེད། ས་སྐྱའི་ཁུལ་དུ་ཐན་པ་ཆེ་ལ་ཆར་པ་ཉུང་བའི་དུས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་སེར་ཚོས་བསུ་བའི་ཞབས་བྲོ་འཁྲབ་ནས་གནམ་ནས་ཆར་པ་འབབ་རྒྱུའི་སྨོན་ལམ་འདེབས་པ་དང་། དམངས་ཁྲོད་དུ་གཞི་རྩ་བརྟན་པོར་ཚུགས་ནས་ཐོན་སྐྱེད་དང་འཚོ་བའི་ཁྲོད་མཉམ་འདྲེས་ཟབ་མོ་བྱུང་། མཛད་སྒོའི་རྣམ་པ་སྟེ་གནའ་དུས་མང་ཆེ་བ་བོད་ཀྱི་དམིགས་བསལ་དུས་ཚིགས་སུ་ས་སྐྱ་གནའ་གྲོང་དང་དགོན་སྡེའི་མཐའ་འཁོར་ཐང་ཆེན་དུ་མཉམ་སྡེབ་འཁྲབ་སྟོན་བྱེད་པ་དང་། རུ་སྟར་ཆེ་ལ་ཕོ་མོ་གྲལ་བསྒྲིགས་ནས་གླུ་ལེན་གར་འཁྲབ་བྱེད་པའི་སྲོལ་བཟང་པོ་དར་རོ། །
གཉིས་པ། ས་སྐྱ་རྫོང་ས་སྐྱ་བསུ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར།
གནའ་གྲོང་ས་སྐྱའི་བསུ་བའི་འཁྲབ་སྟངས་དང་ཁྱད་ཆོས་ཐད་དམིགས་བསལ་གྱི་རྟེན་འབྲེལ་མཚོན་ཕྱིར། སྔོན་ལ་བུ་བཅུ་གཅིག་དང་རྗེས་ལ་བུ་མོ་བཅུ་གཅིག་རྐྱང་སྒྲིག་གིས། བསུ་དཔོན་ནས་གཞས་ཚིག་དང་རང་བྱུང་སྒྲ་གདངས་འགྱུར་ཁུག་སྙན་ཚད་དུ་གྱེར་ནུས་པའི་ཕོ་སྐད་སྦོམ་ཞིང་བརྗིད་པ། མོ་སྐད་སྙན་ཞིང་འཇེབས་པ། རྐང་པའི་རྡོག་སྒྲ་སྒྲིག་པའི་ཐོག་ནས་འཁྲབ། སྔོན་ལ་མཆོད་འབུལ་ཞེས་དལ་གཞས་དང་། བར་དུ་འཁྲུག་གཞས།མཇུག་ཏུ་བཀྲ་ཤིས་གསོལ་བ་བཅས་རིམ་པ་གསུམ་གྱི་བདག་ཉིད་ཅན་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ཡིན།
འཁྲབ་ཆས་སྤྱིར་བཤད་ན། ནང་གོས་འོག་འཇུག་དཀར་པོ་ནི་སྟོན་པའི་གསང་གསུམ་སྐུ་ཡི་སྤྲུལ་པ་སྤྱན་རས་གཟིགས་ཀྱི་མཚོན་རྟགས་དང་། སྒ་ཞྭ་དམར་པོ་དིབ་དིབ་གཡོ་བ་ནི་གསུང་གི་སྤྲུལ་པ་འཇམ་དཔལ་དབྱངས་ཀྱི་མཚོན་རྟགས། སྨད་གོས་མཐིང་ནག་ལྷུག་ལྷུག་ནི་ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེའི་མཚོན་རྟགས་ཞེས་རིགས་གསུམ་མགོན་པོ་མཚོན་བྱེད་ཀྱི་འཁྲབ་ཆས་ཀྱི་རྨང་གཞི་གྲུབ་པ་ཞིག་ཡིན། གཞས་དཔོན་གྱིས་གཙོ་བྱས་པའི་སྐྱེས་པ་འཁྲབ་མི་ཡོངས་ཀྱི་ལུས་ལ་བོད་སྣམ་དང་ཤད་མ། སྤུ་ཕྲུག་སྲབ་གང་རུང་གི་ཕྱུ་པའི་སྟེང་རྐུབ་སུལ་ཆ་སྙོམས་པོར་བྱས་པའི་སྨད་གོས་གྱོན་པ། ནང་གོས་འབུ་རས་འོག་འཇུག་དཀར་རྐྱང་གི་གོང་བ་ཕྱིར་སློག་པ། རས་གཟན་ནམ་གྲུ་རྩེ་དམར་པོ་མགུལ་དུ་དཀྲི་བ་ལ་རྒྱབ་ཕྲུལ་རྒྱ་དངུལ་ཏཱ་ཡང་ལ་སི་འབྲུ་ཅན་གྱི་ཇབ་ཇབ་བསྒར་བས་སིང་སྒྲ་སྒྲོག་པར་བྱེད། ཞབས་ལ་རྒྱ་གར་ཀོ་ལྷམ་དང་སྤུ་མ་ནག་པོའི་བོད་ཀོའི་ཤོལ་རྩེ་གྱོན་པ། དབུ་ལ་ཞྭ་མོ་སྒ་ཞྭ་དམར་པོ་དང་། སྣ་གཡས་སུ་གཡུ་རྒྱན། གཡོན་ལ་གསེར་གཡུ་མུ་ཏིག་གི་ཁྲ་བཏབ་པའི་གསེར་གྱི་རྣ་ལོང་བཏགས། ལག་གཡོན་གྱི་མཐེ་བོང་ལ་རྫུན་གྱི་ཤ་ཀྲད་དང་། རིན་པོ་ཆེ་ཕྲ་བཏབ་པའི་ཚིགས་ཁེབས་བརྒྱན་པ། མགུལ་ལ་གཟི་བྱུར་སྤེལ་མའི་སྐེ་ཕྲུག་འདོགས་ཀྱི་ཡོད་ལ། གསོལ་དཔོན་གྱི་སྣ་ལ་སོག་བྱིལ་དང་སྟོད་གོས་དམར་པོ་གྱོན་སྲོལ་ཡོད།
བུད་མེད་བཞད་མཁན་ཚོས་བོད་ཐེར་ཕྱུ་པ་སྤུས་ལེགས་ཐོག་སེ་ཤན་དང་ཤད་མ་འཇའ་སྒྲིག་ལས་གྲུབ་པའི་པང་གདན་ལ་གོས་ཆེན་རྒྱ་སེའི་སྒྲོག་གདན་དང་ཐོད་པང་བཏབ་ཅིང་སྐེད་གདན་ཆ་སྒྲིག་འཆིང་གི་ཡོད། མགྲིན་རྒྱན་ལ་ “ཕོ་ཁེབ” ཅེས་གོས་ཆེན་གྱི་སྐྱིན་ཁེབས་བརྒྱབ་པ་སྒྲོག་ལུང་བསྒར་བ་ཞིག་འདོགས་པ། གཡུ་བྱུར་མུ་ཏིག་སྟར་ལས་གྲུབ་པའི་སྤ་ལུང་དང་། འབྱོར་པ་ཆེ་བས་སྟག་འཛར་གྱི་རྒྱན་ཆ་འདོགས་སྲོལ་ཡོད་པ་ལ་སྐྲ་ལྷས་སྤ་ལོའི་གཡས་གཡོན་དང་རྒྱབ་ཀྱི་ཡར་འཐེན་བཅས་ཆ་སྙོམས་པོར་དགོས། སྐེ་བཏགས་བྱུ་རུ་རྐྱང་སྒྲིག་ལ་བར་མཚམས་སུ་གཡུ་དང་། སྤོས་ཤེལ་རྡོག་པོས་མཛེས་རྒྱན་ཐོག་མུ་ཏིག་དང་བྱུར་ཆུང་སྟར་དུ་བརྒྱུས་ཤིང་དཀྱིལ་དུ་གསེར་དངུལ་གྱི་ “མོའོ” ཞེས་པ་རིན་ཆེན་ཕྲ་སྦྱར་བའི་འཕྲེང་འཐེན་ཆ་ཚང་བ་རྒྱབ་འཕྲུལ་མུ་ཏིག་དང་ཉ་ལྕིབས་ཀྱི་ལྷས་མའི་འཕྱང་ཕྲུལ། དེ་མིན་གསེར་དངུལ་གྱི་གའུ་བྲེ་གཟུགས་ཅན་དང་། ཟུར་བརྒྱད་གཟེ་རྨ་རང་མགོ་ཞེས་རིན་ཆེན་ཕྲ་ཚོམ་སྤེལ་མར་རྒྱན་པ་ལ་བྱུ་རུ་དང་། གཟི། མཆོང་གཟི། གཡུ་བཅས་ཐོགས། རྒྱབ་ཏུ་བོད་སྣམ་འཇའ་སྒྲིག་གདིང་བ་ནི་རིན་ཆེན་སྣ་ལྔ་དགོས། ཟོན་པ་ལྷམ་མེ་ཏོག་འཕར་ཆིངས་བཀོད་ལེགས་རྒྱབ་པ་འཇའ་ཚོན་ཤར་བ་དང་འདྲ་བ་བཅས་གྱོན་སྲོལ་ཡོད།
ཞབས་བྲོ་རང་ངོས་ཀྱི་ཁྱད་ཆོས་ལ་གྲལ་གྱི་ཐོག་ནས་གཙོ་བོ་སྒོར་སྒོར་གྱི་རྣམ་པ་དང་། ཕོ་མོ་དབྱེ་བའི་སྒོ་ནས་གྲལ་སྟར་བསྒྲིགས་ཤིང་ཚོགས་པའི་རྣམ་པ་གསལ་བར་མངོན། ཞབས་བྲོའི་འགུལ་སྟངས་ནི་རྙོག་འཛིང་མེད་པར་ཅུང་ལས་སླ་བར་མངོན་ཞིང་རྐང་བརྡེབས་དང་གཙོ་བོ་ལག་པའི་སྟངས་སྟབས་ཡིན་པས། མདུན་བསྐྱོད་ཕྱིར་འཐེན་གྱིས་བབ་ཆགས་ཀྱི་རང་བཞིན་དང་། འགུལ་འགྲོས་ལ་བརྟན་རླིང་དང་སྒམ་པོའི་རྣམ་པས་ཆོ་གའི་རང་བཞིན་གསལ་བར་མངོན། གླུ་དབྱངས་ཐོག་ནས་རམ་དཀྲོལ་མེད་པར་མི་རང་གི་ངག་ནས་ལེན་པ་ལས་རྔ་སོགས་དཀྲོལ་བྱེད་ཀྱི་ཡོ་བྱད་གཅིག་ཀྱང་བེད་སྤྱོད་མི་བྱེད། གཞས་ཀྱི་གདངས་རིང་ཞིང་ཅུང་མར་མནན་པའི་རྣམ་པའི་སྒོ་ནས་ལེན་པ་དང་གཙོ་བོ་སྣེ་ལེན་དང་མཉམ་ལེན་མཉམ་འགྲེལ་གྱིས་ལེན་པའི་ཁྱད་ཆོས་ལྡན།
གསུམ་པ། ས་སྐྱ་རྫོང་ས་སྐྱ་བསུ་བའི་མི་རིགས་མཐུན་སྒྲིལ་སྐོར།
༡. ལོ་རྒྱུས་ཀྱི་ངོས་ནས།
ས་སྐྱའི་བསུ་བ་ནི་ཡོན་རྒྱལ་རབས་ཀྱིས་བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་མངའ་ཁོངས་སུ་དངོས་སུ་བཅུག་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་བྱུང་བ་ཞིག་ཡིན་ཞིང་། ཞབས་བྲོ་དེ་ཉིད་ཀྱིས་ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོ་ཐེག་ཐུབ་པ་མ་ཟད། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་དབར་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་ཀྱི་དཔང་པོ་གསོན་པོ་ཞིག་ཀྱང་བྱེད་ཐུབ། དེ་ནི་རྒྱ་བོད་སོགས་མི་རིགས་ཁག་གི་ལོ་རྒྱུས་འགྲོ་འོང་གི་གསོན་ཉམས་དོད་པའི་རིག་གནས་ཤུལ་བཞག་ཅིག་རེད། ཞབས་བྲོ་འདིས་ཐོག་མར་ས་སྐྱའི་སྲིད་དབང་ལ་ཞབས་འདེགས་ཞུས་པ་དང་ཆབས་ཅིག བོད་ས་གནས་རང་གི་མཆོད་འབུལ་གོམས་སྲོལ་དང་ཀྲུང་ཡོན་རྒྱལ་རབས་ཀྱི་གུས་ལུགས་ལམ་ལུགས་རིག་གནས་བཅས་ཕན་ཚུན་མཉམ་འདྲེས་ཟབ་མོ་བྱས་ཏེ། རིག་གནས་སྣ་མང་ཕན་ཚུན་བསྡུ་ལེན་དང་སློབ་སྦྱོང་བྱེད་པའི་རྣམ་པ་མཚོན་ཞིང་གནའ་བོའི་མི་རིགས་ཁག་གི་རིག་གནས་ཕན་ཚུན་དཔྱད་གཞིའི་མེ་ལོང་དུ་འཛིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་ཡོད།
༢. རིག་གནས་ཁྱབ་སྤེལ་གྱི་ངོས་ནས།
ས་མཐོའི་ས་ཁོངས་ལས་བརྒལ་ནས་ས་སྐྱའི་བསུ་བ་ནང་སར་འཁྲབ་སྟོན་བྱེད་པར་ཐེངས་མང་བསྐྱོད་པ་དང་། ཧྲང་ཧའེ་དང་ཀུའེ་ཀྲོའུ་སོགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་གྲོང་གསེབ་རིག་གནས་གར་སྟེགས་ སུ་བསྐྱོད་དེ་བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་དེ་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་སྤྱན་ལམ་དུ་བཤམས་ཡོད། ནང་སའི་མང་ཚོགས་ཚོས་ཞབས་བྲོ་དེ་བརྒྱུད་ནས་བོད་ཀྱི་དམངས་སྲོལ་རིག་གནས་ཐད་ཀར་ཤེས་རྟོགས་ཐུབ་པ་དང་། ས་ཁོངས་རིག་གནས་ཀྱི་བར་ཐག་ཉེ་རུ་བཏང་ནས་བོད་རིགས་ཀྱི་རིག་གནས་ལ་བརྩི་འཇོག་དང་ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། མི་རིགས་མི་འདྲ་བས་མཉམ་དུ་རིག་རྩལ་སྣ་མང་འཁྲབ་སྟོན་བྱས་ནས་རིག་གནས་ཕན་ཚུན་མྱོང་རོལ་དང་སློབ་སྦྱོང་ཐུབ་པ་བྱས་ཏེ། རིག་གནས་ཀྱི་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། ཧྲང་ཧའེ་དང་བོད་ལྗོངས་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་རིག་གནས་ཀྱི་གཞི་རྟེན་དེ་བོད་སྐྱོར་རིག་གནས་སྤེལ་རེས་ཀྱི་བྱེད་སྒོར་བརྟེན་ནས། ས་སྐྱའི་བསུ་བ་ནང་སར་ཆེད་དོན་འཁྲབ་སྟོན་དུ་བསྐྱོད་པ་དེས་ཧྲང་ཧའེ་དང་བོད་མི་རིགས་དབར་གྱི་མཛའ་བརྩེ་ལྡན་པའི་རིག་གནས་ཀྱི་ཟམ་པ་ལྟ་བུར་གྱུར་ནས། རིག་རྩལ་གྱི་རྣམ་པའི་ཐོག་ནས་མཉམ་ལས་དང་རམ་འདེགས་ཀྱི་དངོས་ཡོད་གཏམ་རྒྱུད་སྙན་མོ་ཞིག་འབྲི་བཞིན་ཡོད།
༣. ས་གནས་རང་ངོས་ནས།
ས་སྐྱའི་ཁུལ་དུ་བོད་ཀྱི་དུས་ཆེན་དང་དམངས་སྲོལ་འདུ་ཚོགས་ཁྲོད་ས་སྐྱའི་བསུ་བ་ནི་མཉམ་སྡེབ་གླུ་གར་གྱི་བྱེད་སྒོ་གལ་ཆེན་ཞིག་རེད། ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་མཉམ་དུ་འཁྲབ་སྟོན་ནང་ཞུགས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐུན་མོང་གི་མོས་སེམས་གཅིག་ཏུ་སྒྲིལ་བ་དང་ས་གནས་སྤྱི་ཚོགས་ཞི་མཐུན་ཡོང་བར་ནུས་པ་གལ་ཆེན་ཐོན་གྱི་ཡོད། སློབ་གྲྭའི་རྒྱུན་འཛིན་ཐད་ནས་བཤད་ན། ༢༠༡༧ ལོར་ས་སྐྱ་རྫོང་སློབ་འབྲིང་གིས་ཆེད་མངགས་ས་སྐྱའི་བསུ་བ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་ཚོགས་པ་བཙུགས་པ་དང་། སློབ་གྲྭའི་སློབ་གསོ་བརྒྱུད་ནས་ས་སྐྱའི་བསུ་བའི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ས་སྐྱ་རྫོང་སློབ་འབྲིང་གིས་གཞོན་ནུ་ལོ་ཆུང་རྣམས་ལ་ཞབས་བྲོ་སློབ་སྦྱོང་བྱེད་དུ་འཇུག་པ་དང་ཆབས་ཅིག ས་སྐྱ་དང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་ཤེས་རྟོགས་བྱེད་དུ་བཅུག་སྟེ། ཆུང་དུས་ནས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཕན་འབྲས་དངོས་སུ་མངོན་འགྱུར་ཡོང་བ་བྱས་ཡོད།
༤. རིན་ཐང་གི་ངོས་ནས།
ས་སྐྱའི་བསུ་བས་ལོ་རྒྱུས་ཐོག་མེས་རྒྱལ་གཅིག་གྱུར་བྱུང་བའི་ལོ་རྒྱུས་ཀྱི་དོན་དངོས་དེ་མིག་མཐོང་ལག་ཟིན་ཐུབ་པ་དང་འཁྲབ་སྟོན་བྱེད་ཆོག་པའི་གསོན་ཉམས་ལྡན་པའི་རིག་གནས་སུ་བསྒྱུར་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་གླུ་གར་གྱི་རྣམ་པའི་ཐོག་ནས་མི་རིགས་ཁག་མཉམ་འདྲེས་མཉམ་གནས་ཀྱི་ལོ་རྒྱུས་སྙན་པོར་བརྗོད་ཡོད། ས་སྐྱའི་བསུ་བ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་དེས་མི་རིགས་ཁག་གི་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་བང་མཛོད་ཀྱི་གཅེས་ནོར་ཡིན་པ་ར་སྤྲོད་བྱས་པ་དང་། ཀྲུང་ཧྭའི་རིག་གནས་སྣ་མང་གཞི་གཅིག་གི་ཁྱད་ཆོས་མངོན་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་དུང་སེམས་ཆེ་རུ་བཏང་ཡོད།
མདོར་ན་ལོ་མང་རིང་ས་སྐྱའི་བསུ་བ་ནི་དུས་ཆེན་དང་མཛད་སྒོའི་ཁྲོད་མཉམ་འཛོམས་ཀྱི་རིག་གནས་བྱེད་སྒོ་ཞིག་ཡིན་པ་ཕུད། མི་རིགས་སྒྱུ་རྩལ་གྱི་མཚོན་རྟགས་ཤིག་ཡིན་པས་ལྷན་སྐྱེས་ངང་ངོས་འཛིན་གཅིག་འགྱུར་ལ་སྐུལ་འདེད་གཏོང་བའི་རང་བཞིན་ལྡན། ལོ་རྒྱུས་དང་དེང་སྐབས་ཀྱི་སྐད་བརྡའི་སྤྱོད་ཡུལ་འོག་མི་རིགས་མཐུན་སྒྲིལ་གྱི་ནུས་པ་དང་མི་རིགས་མི་འདྲ་བའི་བར་གྱི་དབྱངས་འགྲོས་མཐུན་པའི་བརྩེ་དུང་གི་མཉམ་འབྲེལ་དེ་རིག་གནས་བརྒྱུད་བསྒྲགས་ཁྲོད་དར་སྤེལ་བྱས་ཏེ། མི་རིགས་མི་འདྲ་རུང་ཚང་མ་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་གསལ་པོར་བསྟན་ཡོད།
མཇུག་བསྡུའི་གཏམ།
འདིར་ས་སྐྱའི་བསུ་བའི་འཁྲབ་སྲོལ་ཇི་ལྟར་བྱུང་བའི་སྐོར་དང་། སྒྱུ་རྩལ་གྱི་ཁྱད་ཆོས། གཞས་ཚིག་གཅེས་བསྡུས། དེ་བཞིན་མི་རིགས་མཐུན་སྒྲིལ་བཅས་ཕྱོགས་བཞིའི་ཐད་ནས་དབྱེ་ཞིབ་བྱས་ཡོད། འཁྲབ་སྲོལ་ཇི་ལྟར་བྱུང་བའི་སྐོར་ནས་བལྟས་ན། ས་སྐྱའི་བསུ་བ་ནི་ཡོན་རྒྱལ་རབས་ཀྱི་སྐབས་སུ་ས་སྐྱའི་སྲིད་དབང་དར་རྒྱས་ཆེ་བའི་དུས་སུ་མྱུ་གུ་འབུས་པ་དང་། ལིང་ཀྲོའུ་མནའ་འབྲེལ་གྱི་རྗེས་སུ་བོད་དང་ཀྲུང་དབྱང་སྲིད་དབང་མཉམ་འདྲེས་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། འདིས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་མཉམ་འདྲེས་ཐུབ་པའི་གནའ་བོའི་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་ར་སྤྲོད་བྱས་ཤིང་དེས་ལོ་རྒྱུས་ཀྱི་ནང་དོན་དང་ས་ཁོངས་རིག་གནས་ཀྱི་རྨང་གཞི་ཟབ་མོ་བཏིང་ཡོད།
སྒྱུ་རྩལ་གྱི་ཁྱད་ཆོས་ཐད་ནས་བཤད་ན། ས་སྐྱའི་བསུ་བ་ནི་ཐོག་མཐའ་བར་གསུམ་དུ་རམ་འདེགས་རོལ་ཆས་མེད་པར་རམ་དཀྲོལ་ཚང་མ་གླུ་ལེན་ཞོར་དུ་བྲོ་འཁྲབ་པ་དང་། གཟུགས་རྣམ་ཐད་ཀྱི་རྩལ་ལག་གོམ་འགྲོས་དང་། ལག་པའི་གར་སྟབས། རྐང་པའི་རྡོག་འགྲོ། ལུས་ཀྱི་ཉམས་འགྱུར། གདོང་གི་འཛུམ་མདངས། དེ་མིན་འཁྲབ་ཆས་དང་གྲལ་སྟར་སྒྲིག་སྟངས་བཅས་ལྟེ་བའི་ཁྱད་ཆོས་སུ་འཛིན་པ་ཞིག་ཡིན། འཁྲབ་སྟོན་གྱི་རྣམ་པ་བབ་ཆགས་ལ་འཁྲབ་སྟོན་གྱི་རང་བཞིན་ཧ་ཅང་ཆེ་ལ། བོད་ས་གནས་ཀྱི་སྲོལ་རྒྱུན་གླུ་གར་གྱི་བྲོ་བ་ངོ་མ་ལྡན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་སོར་འཇོག་བྱས་ཡོད་པས། ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་རིན་ཐང་དང་མངོན་གསལ་དོད་པའི་ས་ཁོངས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན།
གཞས་ཚིག་གི་ནང་དོན་ལ་བལྟས་ན། ཆར་ཆུ་དུས་སུ་འབབ་པ་དང་འགྲོ་བ་ཐམས་ཅད་བདེ་སྐྱིད་ལྡན་པར་སྨོན་པ། དེ་བཞིན་ཆོ་གའི་རྣམ་པ་བཅས་སྐད་ཆ་བབ་ཆགས་ཤིང་ལྷད་མེད་པ་དང་། ནང་དོན་གྱིས་ས་གནས་དེ་གའི་མང་ཚོགས་ཀྱིས་ཞི་བདེ་བརྟན་ལྷིང་དང་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ཕུགས་འདུན་བཟང་པོ་མཚོན་ཞིང་། ཞབས་བྲོ་ལ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དམངས་སྲོལ་གྱི་ནང་དོན་ཟབ་མོ་བསྣན་ཡོད།
དུས་རབས་ཀྱི་རིན་ཐང་དང་མི་རིགས་མཐུན་སྒྲིལ་གྱི་ངོས་ནས། ས་སྐྱའི་བསུ་བའི་ཞབས་བྲོ་ལོ་ངོ་བདུན་བརྒྱ་ལྷག་ཙམ་རྒྱུན་འཛིན་བྱས་པ་དེའི་ཐོག་ནས། རྒྱ་དང་བོད། སོག་པོ་སོགས་མི་རིགས་དབར་ཡུན་རིང་འགྲོ་འོང་དང་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་བ་བྱས་ཏེ། མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ཡོད། དེས་མཐའ་གཅིག་ཏུ་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་འདོན་སྤེལ་ཐུབ་པ་མ་ཟད། མི་རིགས་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་ཤེས་གསར་སྐྲུན་ལ་མེད་དུ་མི་རུང་བའི་དན་རྟགས་ཀྱི་རིག་གནས་སྲོག་རྩ་བསྐྲུན་པའི་མངོན་མིན་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་རེད།
མདོར་བསྡུས་ནས་བཤད་ན། ས་སྐྱའི་བསུ་བ་ནི་ས་སྐྱའི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཉམས་ལྡན་པའི་གཅེས་ནོར་ཞིག་ཡིན་ལ། མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས་ཟིན་ཐོ་འགོད་པ་དང་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་པའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པས། དེ་ལ་མི་འཇིག་པའི་ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་བཅས་ཡོངས་སུ་རྫོགས་ཡོད་དོ། །
( སྤེན་པ་བུ་ཁྲིད། ཚེ་དཔལ། པ་སངས་ནོར་བུ། བོད་ལྗོངས་སློབ་ཆེན། ༢༠༢༣ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭ
ཡེ་ཤེས་བཟང་མོ། མིག་དམར། བོད་ལྗོངས་སློབ་ཆེན། ༢༠༢༣ལོའི་བོད་སྐད་ཡིག་དགེ་འོས་འཛིན་གྲྭ )
མཐོ་སློབ་ཐེབས་རྩའི་རྣམ་གྲངས། ༢༠༢༦ ལོའི་བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་སྦྱོང་བརྡར་འཆར་གཞིའི་རྣམ་གྲངས་《༄༅། །མི་རིགས་མཐུན་སྒྲིལ་གྱི་དན་རྟགས་ས་སྐྱའི་བསུ་བའི་སྐོར་ལ་ཅུང་ཟད་དཔྱད་པ།》ཞེས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས། (རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས།) རྣམ་གྲངས་ཨང་རྟགས། 202610694006
འབྲེལ་ཡོད་གསར་འགྱུར།