དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འབྲོག་ཐང་གི་སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སོག་རུ་ཀརྨ་ཀུན་ཁྱབ།   |     སྤེལ་དུས།  2026-10-05

    འབྲོག་ཐང་གི་སྟོན་ཁ། ལྷས་ར་སྒོར་མོ་དེའི་ནང་ནས། རྒྱབ་འདི་རུ་གངས་རི་སྤུངས་འདྲ་འདི། །ཕ་བཟང་བུ་ཡིས་བྲེག་ལེ་རེད། །མདུན་འདི་རུ་གསེར་མཚོ་འཁྱིལ་འདྲ་འདི། །ཕ་ཕྱུག་པོ་ཚང་གི་སྒོ་ཟོག་རེད། །ཅེས་པའི་སྙན་འཇེབས་ཀྱི་གླུ་སྒྲ་འདི་ནི་འབྲོག་པའི་ཕོ་གཞོན་ཚོས་ལུག་བལ་འབྲེག་སྐབས་ཀྱི་ལས་གླུ་རེད་ལ། ད་དུང་སྦྲ་ནག་གྲུ་བཞི་ཞིག་གི་སྒོ་འགྲམ་ནས། རྒྱ་གདོང་གསེར་གདོང་ཕྲ་མོ། །འོ་མའི་མར་གཡང་འདུ་ཤོག །རྒྱ་ཡུ་ལྷ་ཤིང་ཤུག་པ། ། འོ་མའི་མར་གཡང་འདུ་ཤོག། །ཅེས་པ་འདི་ནི་འབྲོག་མོ་ན་ཆུང་ཚོས་འོ་ཞོ་དཀྲོག་པའི་ལས་གླུ་རེད།

    འབྲོག་ཐང་གི་སྟོན་ཁ། ལྷིང་འཇགས་ཀྱི་རྩྭ་ཐང་དེ་འཁྲུག་ཆ་དོད་པའི་གར་སྟེགས་ལྟར་གྱུར་པའི་དུས་ཚིགས་འདི་ཅི་འདྲའི་ཡ་མཚན་ཆེ་ཨང་། མཛེས་སྡུག་རྣམ་པར་བཀྲ་བའི་གར་སྟེགས་ཤིག་དང་འདྲ་བར་སྙན་མོ་ངག་གི་གླུ་སྒྲ་གང་སར་ཐོས་རྒྱུ་ཡོད་པས། རྣ་བ་བླགས་ནས་ཉོན་དང་། འཇོལ་མོའི་གྲེ་འགྱུར་ལྟ་བུའི་སྐད་སྒྲ་དེ་ནི་སྤང་ཐང་བདེ་མོར་སྒོར་གཞས་འཁྲབ་མཁན་གྱི་གཞོན་ནུ་ཕོ་མོ་ཚོའི་སྐད་ངག་ཡིན་ལ། གསེར་མདོག་རབ་ཏུ་འཚེར་བའི་རི་ཀླུང་ཀུན་ཏུ་གྲགས་པ་འདི་ཡང་ལྷ་བྱ་གོང་མོའི་མགྲིན་ངག་མ་ཡིན་པར་འབྲོག་ཐང་གི་ལ་གླུའི་དྲུག་འགྱུར་རིང་མོ་རེད།

    འབྲོག་ཐང་གི་སྟོན་ཁ། ལྷད་མ་འདྲེས་པའི་འབྲོག་པའི་གཤིས་ཀ་དང་འདྲ་བར་ནམ་མཁའ་སྔར་བས་སྔོ་ཞིང་དྭངས་ལ། སྤྲིན་པ་སྔར་བས་དཀར་ཞིང་མཛེས། གསེར་དང་འདྲ་བའི་འབྲོག་པའི་སེམས་ཁམས་ལྟར་ས་གཞི་གསེར་ལམ་ལམ་དུ་འཕྲོ་ཞིང་། ཆུ་བོ་རྣམས་དེ་བས་དྭངས་ཁྲུམ་ཁྲུམ་དུ་རྒྱུ། འབྲོག་ཐང་གི་སྟོན་ཁ། དཀར་ཆུའི་རྒྱ་མཚོ་འཁྱིལ་ཞིང་། མར་གྱི་རི་རབ་བརྩིགས་པའི་དུས་ཚིགས། ཕྱུགས་རིགས་ཤ་ཤེད་བཟང་ལ། འབྲོག་ལས་ཐོན་ཟོག་འཛོམས་པའི་དུས་ཚིགས། རྩི་ཐོག་འབྲས་བུས་ལྕི་ཞིང་། ཆུ་བོ་བདུད་རྩིར་གྱུར་པའི་དུས་ཚིགས་སོ།།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།