དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གཙང་ཁུལ་གྱི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བུ་ཚེ་རིང་རྒན་པ།   |     སྤེལ་དུས།  2026-10-05

    ཀ་ཅི་ལྟར་དཀར་ཁ་བའི་འདབ་མས་མཛེས་པའི་འཛིན་མའི་ཞིང་ཁམས་ན། །

    ཁ་ཞེ་གཉིས་མེད་ལས་ལ་བརྩོན་པའི་གཙང་ཁུལ་སྐྱེ་བོ་ཕོ་མོ་ཀུན། །

    ག་ས་གང་དུ་རང་རྩལ་ངོམས་ནས་ཕྱུག་འགྱུར་ལམ་གྱི་ནམ་འཕང་གཅོད། །

    ང་རང་གཙང་པའི་ཨོ་ལོ་ཡིན་པས་མྱང་གཞུང་འཕོ་འགྱུར་གླེང་ལ་སྤྲོ། །

    ཅ་ག་དག་པའི་གནའ་བོའི་གྲོང་ཁྱེར་ཁྲ་ཆུང་མིག་ལམ་སྣུམ་ཤིག་ཤིག །

    ཆ་ལག་ཚང་བའི་སྒྲིག་ཆས་དེ་ཚོས་ཡ་ཆུང་སེམས་པ་དགའ་ལྷང་ལྷང་། །

    ཇ་ཆང་བདུད་རྩིའི་འཚོ་བར་རོལ་བའི་དམངས་ཀྱི་བཞིན་རས་འཛུམ་དམུལ་དམུལ། །

    ཉ་རྒྱས་ཟླ་བཞིན་མཚར་བའི་ལུས་ཕྲ་གསེར་དངུལ་རྒྱན་གྱིས་ཨ་སྤམ་སྤམ། །

    སྟག་ཕྲུག་འདྲ་བའི་ཕོ་གཞོན་དེ་ཚོ་ཤེས་བྱའི་མཁའ་ལ་བྱ་འཕུར་འཕུར། །

    ཐ་སྙད་ཤེས་བྱའི་བདུད་རྩིར་སྤྱོད་པའི་ན་ཆུང་བྱིས་པ་གྲུང་རིལ་རིལ། །

    ད་ལྟ་གཙང་ཁུལ་ཕུ་མདའ་གང་སར་ཕྱུག་འགྱུར་གཏམ་བཟང་སྙན་ལྷང་ལྷང་། །

    ནད་མེད་ཚེ་རིང་བགྲེས་སོང་ལྷན་རྒྱས་ཚེ་མཇུག་འཚོ་བ་ཚ་སོབ་སོབ། །

    པ་ཕ་ཨ་མར་གུས་ཞབས་ཆེ་ཞིང་བུ་རབས་ཚ་རྒྱུད་སྐྱོང་ལ་མཁས། །

    ཕ་མེས་སྲོལ་བཟང་མ་ཉམས་སྐྱོང་ཞིང་ཚན་རྩལ་རིག་པའི་བློ་རྒྱ་ཡངས། །

    བ་གམ་ཅན་གྱི་ཁང་བཟང་བསྐྲུན་པས་གྲོང་གསེབ་གསར་པའི་འདུ་འགོད་མཛེས། །

    མ་ལྟར་བྱམས་པའི་དུས་རབས་གསར་པར་ལྷག་པར་བསྟོད་ཅིང་སྙིང་ནས་གཅེས། །

    རྩ་བ་མིའི་རིགས་འཚོ་གནས་རྟེན་གཞི་སྣོད་བཅུད་སྲུང་སྐྱོང་འདུ་ཤེས་ཀྱིས། །

    ཚ་ཚ་འུར་འུར་ནགས་སྲུང་ཤིང་འཛུགས་བདག་མེད་སྲོག་ཆགས་ལ་སོགས་པ། །

    ཛ་དྲག་གཏུབ་གསོད་ལས་ངན་སྤངས་ནས་འཆམ་མཐུན་ཞི་བདེའི་ངང་ནས་འཚོ། །

    ཝ་མོ་སྨྱོ་ལྟར་རང་བྱུང་ཐོན་ཁུངས་གཏོར་བརླག་བྱེད་པའི་ལོ་རྒྱུས་རྫོགས། །

    ཞིང་འབྲོག་ཐོན་སྐྱེད་འཕྲུལ་ཆས་ཅན་གྱིས་དམངས་ཀྱི་ལུས་སེམས་བདེ་ལ་འཁོད། །

    བཟའ་བཏུང་འབའ་ཞིག་དོན་དུ་གཉེར་བའི་དེ་སྔའི་སྲང་ལམ་སྤྲང་པོ་ཡང་། །

    འ་ཆད་འུ་ཐུག་གནས་ལས་བྲལ་ཏེ་ཕྱུག་འགྱུར་ལམ་དུ་བང་རྩལ་འགྲན། །

    ཡ་རབས་ཤེས་རིག་དཔལ་གྱིས་ཕྱུག་པའི་དེང་དུས་མྱང་གི་ཡུལ་ལུང་དེ། །

    ར་བ་གངས་རིས་བསྐོར་བའི་ཡུལ་དུ་དགའ་སྐྱིད་དཔལ་ལ་ཅི་དགར་རོལ། །

    ལ་ཀླུང་བརྒལ་ནས་གནས་འདིར་ཕེབས་པའི་ཕྱི་ནང་ཡུལ་སྐོར་སྐུ་མགྲོན་ཚོ། །

    ཤ་བ་སྨུག་ཆུང་སྤང་ལ་འཁོར་བཞིན་དགའ་དགའ་སྤྲོ་སྤྲོས་འདི་གར་འཛོམས། །

    ས་ཕྱོགས་འདི་ཡི་མཛེས་པ་ཀུན་འཛོམས་སྣ་མང་ཡུལ་སྲོལ་གོམས་གཤིས་སོགས། །

    ཧ་ལས་ཉམས་སྣང་ལྟ་བས་མི་ངོམས་བསྔགས་བརྗོད་མཐེ་བོང་ཡང་ཡང་ཀེར། །

    ཨ་ཧོ་མྱང་གཞུང་གཙང་གི་ཡུལ་གྱི་དེང་གི་འཕོ་འགྱུར་བརྗོད་མི་ཚར། །

    ཨ་ཙི་ཐག་རིང་གྲོགས་རྣམས་གསོན་དང་གང་མགྱོགས་གཙང་ལ་ལྟ་བར་ཕེབས། །

    ཧ་ལས་ཧང་སངས་རྣམ་པ་གསར་པས་ཁྱེད་ཀྱི་ཡིད་སེམས་མྱོས་པར་ངེས། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།