དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་ཡི་མེས་རྒྱལ་ལ་བསྟོད་གླུ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-27

    མེས་རྒྱལ་ནི་མི་དམངས་འཚོ་གནས་བྱེད་སའི་ཚང་མལ་དྲོན་མོ་དེ་ཡིན་ལ་བྱམས་དང་བརྩེ་བས་སྐྱོང་མཁན་གྱི་བྱམས་བརྩེའི་མ་མ་ཡང་ཡིན། གལ་ཏེ་ཁྱེད་མེད་ན་ངེད་ཅག་ནི་ལོང་བ་མིག་མེད་དང་། སྤྲང་པོ་ཟས་མེད་ལྟར་མདུན་ཕྱོགས་ཀྱི་ལམ་བུ་རྙེད་མི་སྲིད་ལ། བཀྲེས་ལྟོགས་ཀྱི་གདུང་བ་ལས་གྲོལ་མི་ཐུབ།

    དེ་ཡང་ཁྱེད་ཡོད་པས་ཞི་བདེ་ལྷིང་འཇགས་ཀྱི་ཁྱིམ་གཞིས་ཤིག་བྱུང་ལ། སྟོབས་འབྱོར་མངའ་ཐང་རྒྱས་པའི་མི་རིགས་ཤིག་བྱུང་། ཁྱེད་ཡོད་པས་ཤེས་རིག་གི་དཔལ་ལ་རོལ་ཐུབ་པའི་ཁོར་ཡུག་བཟང་པོ་འདི་འདྲ་ཞིག་བྱུང་ལ། བདེ་སྐྱིད་སྤྲོ་སྣང་གི་འཚོ་བར་རོལ་རྒྱུ་བྱུང་། ཁྱེད་ཡོད་པས་མི་རིགས་ཕན་ཚུན་འཆམ་མཐུན་མཉམ་གནས་ཐུབ་པ་བྱུང་ཡོད་ལ། བུ་ཕྲུག་ཚང་མ་ཟས་གོས་ལ་སེམས་ཁྲལ་མེད་པར་བདེ་ཐང་ངང་འཚར་ཐུབ་པ་བྱུང་། དེས་ན། ང་རང་ཁྱེད་ལ་གཅེས་ཤིང་དུངས་ལ་བསྟོད་བསྔགས་ཀྱི་མེ་ཏོག་ཆུན་པོ་ཁྱེད་ལ་འབུལ་འདོད། དེ་ལྟར་ཡོད་ཚད་ཀྱི་ཡོད་ཚད་ནི་སྔོན་བྱོན་དཔའ་བོ་མང་པོས་ཁྲག་དང་རྔུལ་ཆུ་བཏོན་ནས་བྱུང་བ་ཡིན། ཐ་ན་རང་སྲོག་ཀྱང་བློས་གཏོང་བྱས་ནས་དྲོ་སྐྱིད་ཀྱི་ཁྱིམ་ཚང་ཆེན་མོ་འདི་བསྐྲུན་པས། ང་ཚོས་དེ་ལ་གཅེས་འཛིན་མི་བྱེད་ག་ལ་སྲིད།

    མེས་རྒྱལ་ལགས། ཁྱེད་ནི་ཉི་མའི་འོད་ཟེར་ལྟར་སྐྱེ་འགྲོ་ཚང་མར་འོད་སྣང་དང་དྲོ་སྐྱིད་སྦྱིན་མཁན་ཞིག ཁྱེད་ནི་མུན་ནག་ཁྲོད་ཀྱི་སྒྲོན་མེ་ཞིག་དང་འདྲ་བར་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་འོད་སྣང་སྦྱིན་མཁན་ཞིག ཁྱེད་ནི་མྱ་ངམ་ཐང་ཆེན་གྱི་དལ་འགྲོ་ཞིག་ལྟར་ང་ཚོར་འཚོ་སྡོད་ཀྱི་གསོན་ཤུགས་གནང་མཁན་ཞིག ཁྱེད་ནི་མ་ཡུམ་དང་འདྲ་བར་ང་ཚོ་བྱམས་དང་སྙིང་རྗེས་སྐྱོང་མཁན་ཞིག མདོར་ན། ཁྱེད་ཡོད་པས་དམངས་རྣམས་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འདི་བྱུང་ལ། ཁྱིམ་ཚང་ཆེན་མོ་འདིའི་ནང་ཤེས་ཡོན་གྱིས་ཕྱུག་པའི་མཁས་པ་མང་པོ་གསོ་སྐྱོང་ཐུབ་སྟེ་ཕུན་སུམ་ཚོགས་པའི་རིག་གནས་དུ་མ་བསྐྲུན་ཡོད། མེས་རྒྱལ་ལགས། གལ་ཏེ་ཁྱེད་མེད་ན་ང་ཚོ་ད་དུང་རྨོངས་པའི་མུན་ནག་ཏུ་ལྷུངས་པའི་འུག་པ་དང་འདྲ་བར་མི་ཚེའི་རིན་ཐང་མ་རྙེད་པར་མི་ཚེ་སྟོང་ཟད་དུ་སོང་བ་སྨོས་ཅི་དགོས། གལ་ཏེ་ཁྱེད་ཀྱི་གཅེས་སྐྱོང་མེད་ན་ང་ཚོར་ད་ལྟ་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་བཟང་པོ་འདི་འདྲ་ཡོང་ག་ལ་སྲིད།

    དྲིན་ཆེ་བའི་མ་ཡུམ་མེས་རྒྱལ་ལགས། ང་ཚོས་ཁྱེད་ཀྱི་བཀའ་དྲིན་མ་བརྗེད་སྙིང་དབུས་སུ་བཅངས་ནས་གསར་གཏོད་ཀྱི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཁྱེད་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཆེད་དུ་བརྩོན་འགྲུས་གྲོགས་སུ་བསྟེན་ནས་ལེགས་སྐྱེས་འབུལ་འདོད་ཀྱི་འདུན་པ་ཆེ། བུ་ཕྲུག་ང་ཚོས་ཁྱེད་ཀྱི་རེ་བ་ཆུད་ཟོས་སུ་གཏོང་ག་ལ་སྲིད། མ་ཡུམ་མེས་རྒྱལ་ལགས། ཁྱེད་ཀྱི་འཁྲུངས་སྐར་འཆར་ཉེའི་མཚམས་འདིར། ངས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ།

    སློབ་མ། སྐལ་བཟང་བསྟན་འཛིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།