བློ་སེམས་གཅིག་ཏུ་བསྒྲིལ་ནས་ཕུགས་འདུན་གཏོད། སྒྱུ་རྩལ་སྟོན་མོ་བཤམས་ནས་བོད་གསར་མངོན།
བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པའི་སྐོར་གྱི་སྒྲིལ་གླེང་།
གསར་གཏོད་དང་མཉམ་འདྲེས།——
གར་སྟེགས་ཐོག་སྣ་མང་རོལ་དབྱངས་མཉམ་དུ་སྒྲོག
བོད་ལྗོངས་དང་ཀོང་ཏུང་གི་ལོ་རྒྱུས་སྙན་ངག་ཟློས་གར《ཨམ་བན་ཀྲང་ཏཱ་རིན》ཞེས་པ་འགོ་ཚུགས་ཟློས་གར་ཆེན་པོར་བྱས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ཀོང་ཏུང་ཟློས་གར་ཁང་གིས་མཉམ་དུ་གསར་རྩོམ་བྱས་པ་ཞིག་ཡིན་པ་དང་། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཆེ་གྲས་གཉིས་སུ་གཏོགས་པའི་ལྷ་མོ་དང་ཀོང་ཏུང་ཟློས་གར་གར་སྟེགས་གཅིག་ཐོག་མཉམ་དུ་ཐེངས་དང་པོར་འཁྲབ་པ་རེད། “མེ་ཏོག་ཀྲང་ཏཱ་རིན”(ཏ་ཟིག་ལུག་མིག)གྱི་གཞས་ཚིག་ཏེ། “མེ་ཏོག་བཞད་ནས་ནམ་ཡང་རྙིད་མི་སྲིད། བློ་སེམས་མཐུན་ན་ནམ་ཡང་འབྲལ་ཐབས་མེད”དེ་རྒྱ་བོད་སྤུན་ཟླ་ཚོ་ནི་ལྟ་རེས་སྐྱོང་རེས་ཀྱི་དཔང་པོ་ཡག་ཤོས་སུ་གྱུར་ཡོད།
ཟླ་8ཚེས་5ནས་9ཉིན་བར། ཆེད་ལས་ཞབས་བྲོའི་འགྲན་བསྡུར་ཁག་བགོས་ཀྱི་མཐའ་བསྡུར་ལེགས་གྲུབ་བྱུང་བ་དང་། དེའི་ནང་ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་དང་དེང་དུས་ཞབས་བྲོ་ཚུད་པ་མ་ཟད། ཁྲོམ་སྤྲོའི་ཞབས་བྲོ་ཐོག་མར་བསྣན་ནས་ཆེད་ལས་གར་སྟེགས་དང་ཁྲོམ་གཞུང་སྒྱུ་རྩལ་དབར་གྱི་བཀག་རྒྱ་སེལ་ཡོད། ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་བོད་ལྗོངས་ཁྲོམ་སྤྲོའི་མནའ་འབྲེལ་གྱི་དྲུང་ཆེ་ཚེ་རིང་འབྲུག་གྲགས“གྲོང་ཁྱེར་རྩལ་འགྲན”གྱི་ལྷ་སའི་རུ་ཁག་གི་ཁོངས་མིའི་མིང་ཐོག་ནས་འགྲན་བསྡུར་ནང་ཞུགས་པ་དང་། ཐོག་མར་ཞབས་བྲོ་གསར་རྩོམ་བྱེད་སྐབས་ཕ་ཡུལ་ལ་བཅངས་པའི་གཏོགས་སེམས་དང་འགན་སེམས་ཅིག་ཅར་དུ་སྐྱེས་ནས་ཁོང་གིས་ཞབས་བྲོའི་ནང་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་སྟབས་མཐར་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་རིང་། རིག་རྩལ་བརྩམས་ཆོས་རྩེ་གྲ་རབ་དང་རིམ་པ་རེས་མོས་ཀྱིས་འཁྲབ་སྟོན་བྱས་ཤིང་། མངའ་རིས་ས་ཁུལ་ཞང་ཞུང་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཚེ་བརྟན་ཟླ་བས་འཁྲབ་ཁྲིད་བྱས་པའི་ཡུལ་རྣམ་གླུ་གར་སྙན་ངག《སྟོད་མངའ་རིས》ཞེས་པར་མངའ་རིས་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་གཞི་རྟེན་དུ་བྱས་ཏེ་རོལ་དབྱངས་དང་། ཞབས་བྲོ། སྙན་ངག་བཅས་ཀྱི་ཐབས་ལམ་མང་པོ་སྤྱད་པས་སྐལ་བཟང་མེ་ཏོག་འཁྲབ་ཚན་གྱི་བྱ་དགའ་ཐོབ་པ་རེད།
གཞན་ཡང་། བོད་ཀྱི་བྱིས་པའི་རོལ་དབྱངས་ཟློས་གར་གྱི་གསར་རྩོམ་ཐོག་མ《ས་མཐོའི་སྟེང་གི་སྲོག་ཆགས》ཞེས་པས་བོད་ཀྱི་བྱིས་པའི་ཟློས་གར་གསར་རྩོམ་གྱི་སྟོང་ཆ་བསྐངས་པ་དང་། ཟླ་8པར་འཁྲབ་སྟོན་ཐེངས་མང་བྱས་པར་ལྟད་མོ་བས་ཁེངས་ཡོད། དཔལ་འབར་རྫོང་གིས་སྒྲིག་བཟོ་བྱས་པའི་གླུ་གཞས་ཟློས་གར《རྟ་མདའི་སྙིང་སྟོབས》ནང་རྟ་མདའ་རི་བོའི་ལོ་ངོ་སྟོང་གི་ལོ་རྒྱུས་བརྗོད་གཞིར་བྱས་ཏེ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་པ་དང་། ཇ་རྟའི་གནའ་ལམ། དམག་སྡེ་བཅོ་བརྒྱད་པས་བོད་ཞི་བས་བཅིངས་འགྲོལ་བཏང་བ་སོགས་ཀྱི་གཏམ་རྒྱུད་བགྲངས་ནས“སེམས་མཐུན་མཐའ་སྲུང་དང་། དངོས་སྒྲུབ་མཐའ་དར། ཕན་ཚུན་ལྟ་སྐྱོང”བཅས་ཀྱི་སྙིང་སྟོབས་གཅིག་ཏུ་འདུས་ཡོད།
རྩ་བ་ཚུགས་པ་དང་མཉམ་སྤྱོད།——
མི་དམངས་ནི་ལྟད་མོ་བ་ཡིན་ལ་གཙོ་འཁྲབ་ཀྱང་ཡིན།
རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་སྒྱུ་རྩལ་ཁྲུའི་ཁྲུའུ་ཀྲང་དོན་གྲུབ་བཀྲ་ཤིས་ཀྱིས། སྐབས་འདིར་མང་ཚོགས་ཀྱི་དཔྱད་ཞིབ་དང་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཟུང་འབྲེལ་གྱི་དཔྱད་ཞིབ་ལམ་ལུགས་ཐོག་མར་ལག་ལེན་བསྟར་ནས“3+2+2”ཀྱི་རྣམ་པ་སྤྱད་དེ། མང་ཚོགས་ཚོ་སྒྱུ་རྩལ་དུས་ཆེན་གྱི་བྱེད་པོར་དངོས་འབྲེལ་འགྱུར་བར་བྱས་ཡོད། དེ་དང་ཆབས་ཅིག“བསླབ་རྒན་ལྟད་མོ་བ”100བསྐོངས་ཤིང་། ཟློས་གར་འཁྲབ་ཚན་5ཡན་ཆ་ཚང་ལྟ་མཁན་ལ“བོད་ལྗོངས་ཟློས་གར་ཁང་ཆེན་གྱི་གྲོགས་པོ་བློས་ཐུབ”ཀྱི་མཚན་སྙན་སྤྲད་ནས། མང་ཚོགས་ལྟད་མོ་ལྟ་མཁན་ནས་ཟློས་གར་དཔྱད་ཞིབ་པར་འགྱུར་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
མི་དམངས་མང་ཚོགས་ནི་གར་སྟེགས་འོག་གི་ལྟད་མོ་བ་ཡིན་ལ། གར་སྟེགས་སྟེང་གི་གཙོ་འཁྲབ་ཀྱང་ཡིན། ཟླ་7ཚེས་30ཉིན་ལྗོངས་ཡོངས་ཀྱི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་མཐའ་བསྡུར་མཇུག་འགྲིལ་བ་དང་། ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་རུ་ཁག་12ཀྱིས་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པ་རེད།
གཞི་རིམ་གྱི་གསར་རྩོམ་ཁྱབ་ཁོངས་སུ་སྐབས་འདིའི་འཁྲབ་ཚན་ཐུང་གྲས་དང་ཟློས་གར་ཆུང་གྲས་ཀྱི་ལས་ཞོར་ཚོགས་ཆུང་གི་མཐའ་བསྡུར་ནང་བརྩམས་ཆོས་དགུ་ཡིས་འགྲིམ་འགྲུལ་བདེ་འཇགས་དང་། དམངས་སྲོལ་གནས་ཚང་གཉེར་སྐྱོང་། གོམས་སྲོལ་སྒྱུར་བ་སོགས་དངོས་ཡོད་བརྗོད་གཞིར་དམིགས་ཡོད། དཔྱད་གཏམ་མཁས་ཅན་ཨའོ་ཁྲའོ་ཡིས་བརྗོད་པ་བཞིན། བརྩམས་ཆོས་དེ་དག་ནི“སྟར་ལ་བརྒྱུས་པའི་མུ་ཏིག་དགུ་དང་འདྲ་བར་བོད་ལྗོངས་གསར་པའི་སྤྱི་ཚོགས་འཕོ་འགྱུར་གྱི་གསོན་ཉམས་དོད་པའི་མཛེས་རིས་ཤིག་བཀོད་ཡོད”ཅེས་དང་། དེ་ནི“འཚོ་བའི་བྱ་བ་ཆུང་ཙག་ཁྲོད་ནས་དར་བའི་མི་ཡུལ་གྱི་འཚོ་བ་དངོས་རེད”ཅེས་པ་ལྟར་རེད།
མཉམ་འགུལ་དང་རྒྱང་སྐྱོད།——
མཐོ་སྒང་གི་གར་སྟེགས་ནས་དེ་བས་ཡངས་པའི་ཡུལ་ཁམས་བར།
རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཀྱི་ཕན་འབྲས་དེ་ཐོན་ལས་ཀྱི་ཕྱོགས་སུ་བསྲིངས་ཡོད། ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བ་ཁྲེན་ཁྲང་ཧའོ་ཡིས། འཁྲབ་སྟོན་བལྟས་རྗེས་སྒྱུ་རྩལ་དུས་ཆེན་གྱི་འབྲེལ་ཡོད་ནང་དོན་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་ཇུས་འགོད་ནང་བཅུག་ནས་ཡུལ་སྐོར་བ་དེ་བས་མང་བས་བོད་ཀྱི་རིག་གནས་ཀྱི་མཛེས་ཆོས་མཐོང་ཐུབ་པར་བྱ་རྩིས་ཡོད་ཅེས་བརྗོད། དཔལ་འབར་རྫོང་གིས་སྒྲིག་བཟོ་བྱས་པའི《རྟ་མདའི་སྙིང་སྟོབས》བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་རྣམ་གྲངས་ནང་ཚུད་ནས། “ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། ཟློས་གར་མཚམས་སྦྱོར་དུ་བྱེད་པ། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང”བཅས་ལག་ལེན་གྱི་མ་དཔེར་གྱུར་ཡོད། 《ས་མཐོའི་སྟེང་གི་སྲོག་ཆགས》ཞེས་པ་ལྷ་སར་འཁྲབ་སྟོན་ཐེངས་མང་བྱས་རྗེས་པེ་ཅིང་དུ་འཁྲབ་སྟོན་ལ་བསྐྱོད་པ་མ་ཟད། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2026ལོ་འཁོར་གྱི་གར་སྟེགས་སྒྱུ་རྩལ་གསར་རྩོམ་རོགས་སྐྱོར་རྣམ་གྲངས་ནང་དུའང་བདམས་ཡོད། ད་ཆ་བོད་ཀྱི་གསར་རྩོམ་གར་སྟེགས་སྒྱུ་རྩལ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་སྐྱོད་བཞིན་ཡོད།
ཟླ་8ཚེས་22ཉིན་གྱི་དགོང་མོར། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཞབས་བྲོའི་ཟློས་གར《བཀྲ་ཤིས་ཞབས་བྲོ》དང་། ཞབས་བྲོའི་ཟློས་གར《དགུང་ཁྲི་གདུགས་ཉི་མ》 ཡུལ་རྣམ་གླུ་གར་སྙན་ངག《སྟོད་མངའ་རིས》བཅས་ལ་སྐལ་བཟང་མེ་ཏོག་ཟློས་གར་རྣམ་གྲངས་ཀྱི་བྱ་དགའ་ཐོབ་པ་དང་། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ལ་ཕུལ་བྱུང་སྒྲིག་འཛུགས་ཀྱི་བྱ་དགའ་ཐོབ་པ་རེད། མཇུག་འགྲིལ་མཛད་སྒོ་དེ་ཚོགས་ར་ཡོངས་སུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་སྒྲའི་ཁྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པས་ཟླ་གཅིག་ཙམ་རིང་གི་གསོན་ཉམས་དོད་པའི་ལག་ལེན་ཐོག་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ས་མཐོའི་རྒྱུགས་ལན་ཞིག་ཕུལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།