དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2026-09-20

    བརྗིད་ཉམས།

    དྭངས་གསལ་ནམ་མཁའ་མཐིང་མདོག་གཡུ་ལྟར་སྔོ། །

    ལྷུན་སྟུག་ཆུ་འཛིན་ཞོ་གསར་སྤུངས་ལྟར་མཛེས། །

    སྒེག་ལྡན་ནོར་འཛིན་ཁ་དོག་གསེར་གྱི་མདངས། །

    འདི་དག་སྟོན་ཟླ་གསུམ་གྱི་བརྗིད་ཉམས་རེད། །

    སྨྲེང་བ།

    འབྲུག་སྐད་ཡལ་བའི་དགུང་སྔོན་དབེན་ཞིང་འཇམ། །

    མེ་ཏོག་ཡལ་བའི་ནེའུ་གསིང་སྟོང་ཞིང་དབུལ། །

    ལོ་མ་འཐོར་བའི་སྡོང་པོ་ཕྲ་ཞིང་རིང་། །

    འདི་དག་སྟོན་ཟླ་གསུམ་གྱི་སྨྲེང་ཚུལ་ཡིན། །

    ཆོས་ཉིད།

    མཚོ་ཁའི་མགྲིན་རིང་ལྷོ་ཕྱོགས་མོན་ལ་འཕུར། །

    སྤང་ཁའི་གཡུ་སྦྲང་ལྔ་པའི་ལམ་དུ་བྱོན། །

    སྣ་ཚོགས་རྐང་འཐུང་སད་དང་སེར་བས་བཅོམ། །

    འདི་དག་མི་རྟག་དུས་ཀྱི་ཆོས་ཉིད་ཡིན། །

    སྔོན་བརྡ།

    ཁ་བའི་མཛེས་སྡུག་རི་བོའི་འདབས་སུ་བསྙེགས། །

    རླུང་བུའི་འུར་སྒྲ་འཇག་མའི་རྩྭ་དང་འགྲོགས། །

    གྲང་ལྷགས་དལ་འབབ་ཆུ་དང་འགྲོགས་ནས་ཡོང་། །

    འདི་དག་སྟོན་མཇུག་དགུན་གྱི་སྔོན་བརྡ་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།