དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་རང་དམའ་འབྲིང་གི་དགེ་རྒན་ཞིག་བྱེད་འདོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཚམས་ཁང་བསྟན་བསམ།   |     སྤེལ་དུས།  2026-09-20

    ང་རང་དམའ་འབྲིང་གི་དགེ་རྒན་ཞིག་བྱེད་འདོད། ཞོགས་པའི་སྐྱ་རེངས་བསུ་བའི་སྐྱ་མདའ་དེ་བྱེད་འདོད། མཚན་མོའི་ཟླ་འོད་སྲུང་བའི་རི་བོང་དེ་བྱེད་འདོད། རང་ཉིད་ཀྱི་ཕུགས་བསམ་སློབ་མའི་ཕུགས་བསམ་དང་འགྲོགས་པའི་ཤེས་རབ་ཅན་གྱི་བཤེས་གཉེན་ཞིག་བྱེད་འདོད། རང་ཉིད་ཀྱི་བྲེལ་བས་སློབ་མའི་ཁོམ་པ་བསུ་བའི་གཏོང་ཕོད་ཅན་གྱི་བཤེས་གཉེན་ཞིག་བྱེད་འདོད། དེ་བས། རང་ཉིད་ཀྱི་ཐོས་པས་སློབ་མ་ཡི་རྨོངས་པ་སེལ་བའི་དཔེ་ཀློག་ལ་དགའ་བའི་བཤེས་གཉེན་ཞིག་བྱེད་འདོད། མ་མཐར་ཡང་། སློབ་མའི་སེམས་ཀྱི་འཛུམ་མདངས་བསུ་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་བྱེད་འདོད། སློབ་མའི་ལམ་གྱི་འགྲོ་ཕྱོགས་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་བྱེད་འདོད།

    ཕ་ཡུལ་དུ་ལོག་རིམ་བཞིན། མ་ཡུམ་སློབ་འབྲིང་གི་རྒྱལ་སྒོ་དེར་ཡང་ཡང་ལྟ་བར་ཤོར་ལ། ཕ་ཡུལ་དུ་ལོག་རིམ་བཞིན། མ་ཡུམ་སློབ་འབྲིང་གི་འདས་དོན་རེ་རེ་ཡིད་ངོགས་སུ་འདྲེན་པར་ཐལ། སྐབས་ཤིག་ལ་མ་ཡུམ་སློབ་འབྲིང་དུ་རྫོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་སྤེལ། ཁོ་བོའང་རུ་ཁག་ག་གེ་མོ་ཞིག་གི་རུ་མིའི་ཚུལ་གྱིས་འགྲན་སྡུར་དེར་ཞུགས། ཉིན་གུང་། རུ་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་ངལ་གསོ་བར་ཆས། ཟས་སྤྱོད་པར་ཕྱོགས། ང་ནི་ཐེ་ཚོམ་མེད་པར་སློབ་མའི་ཚོགས་སུ་ཆོབ་སློང་དྲིས་ལན་གྱི་ལོངས་སྤྱོད་ལ་རོལ་བར་དེངས། ཁོ་ཚོའི་འཛུམ་མདངས་རེ་རེས་རང་སེམས་ལ་སྙིང་སྟོབས་སྦྱིན། ཁོ་ཚོའི་འདྲི་ཚིག་རེ་རེས་འདས་སོང་ལ་ཕྱིར་དྲན་བྱེད་པར་ཐལ། བྱས་ཡོད་རབས་ཀྱི་སྐུལ་ལྕག་དང་བྱུང་མེད་རབས་ཀྱི་མྱོང་བ་འགའ་ཡང་བརྗོད། དེ་དུས། ང་ལ་བཟའ་འཐུང་མི་དགོས་ལ། ངལ་གསོའང་མི་མཁོ། ཕྱི་དྲོའི་འགྲན་བསྡུར་གྱི་སྐབས་སུ། དམའ་འབྲིང་སློབ་མཐར་ཕྱིན་ནས་བགྲང་བྱ་བཅུ་ཕྲག་ལྷག་སོང་ཟིན་པའི་ཁོ་བོར། ཨང་གྲངས་གསུམ་པ་ཤུགས་རྒྱོབ་ཟེར་མཁན་གྱི་དཔུང་རོགས་ཆུང་ཆུང་མི་ཉུང་བ་ཞིག་བྱུང་། མང་པོ་ཞིག་ཡ་མཚན་གྱིན་འདུག་ལ། མང་པོ་ཞིག་ཡིད་སྨོན་གྱིན་ཡོད། ང་ནི། དེ་བས་དམའ་འབྲིང་གི་དགེ་རྒན་ཞིག་བྱེད་འདོད་ཇེ་ཆེར་སོང་།

    ལས་དབང་ལ་སྙིང་རྗེ་མེད་ཅིང་ཕུགས་བསམ་ལ་སྟེས་དབང་ལྡན་པས། ང་རང་སྔར་བཞིན་དམའ་འབྲིང་གི་དགེ་རྒན་ཞིག་བྱེད་མ་ཐུབ། འོན་ཀྱང་། དཔེ་ཀློག་དང་ཡ་མ་བྲལ་བའི་སློབ་གཉེར་ཞིག་བྱེད་མུས་ཡིན། གོ་སྐབས་ལ་དམ་འཛིན་བྱས་པའི་དགེ་རྒན་ལག་ཁྱེར་ཞིག་ཀྱང་བླངས་ནས་ཡོད། འདི་ནི། ཕུགས་བསམ་གྱིས་ང་ལ་སྦྱིན་པའི་སྟོབས་ཤུགས་ཡིན། འདི་ནི་ངས་ཕུགས་བསམ་ལ་བསྟན་པའི་རྣམ་འགྱུར་ཡིན། ཕུགས་བསམ་མ་བརྗེད་སྙིང་དབུས་སུ་བཅངས་པའི་ལོ་དང་ཟླ་བར། ང་རང་སྔར་བཞིན་དམའ་འབྲིང་གི་དགེ་རྒན་ཞིག་བྱེད་འདོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།