རིག་གནས་འབྲེལ་ཟམ་ལེགས་པར་བསྐྲུན། ཆབ་མདོས་དར་རྒྱས་ལེའུ་གསར་བརྩམས།
—— ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་སྐོར་བཀོད་པ།
འདི་ནི་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཤིག འགྲེམས་སྟོན་གྱི་སྐར་ཁུང་ཞིག་བཅས་རེད།
ཟླ་8ཚེས་19ཉིན་ནས་21ཉིན་བར་ལོ་གཅིག་དུས་གཅིག་གི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་འདུ་ཚོགས་ཆེ་གྲས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་བོད་ཤར་གྱི་ས་གཞི་ཆེ་མོར་གཉེར་བ་རེད།
ཟླ་8ཚེས་19ཉིན་ཅིན་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་གཉེར་བའི་འགོ་ཚུགས་མཛད་སྒོར“ཆབ་མདོའི་དམར་མདངས། གཙང་གསུམ་གྱི་ཉམས་འགྱུར”བརྗོད་དོན་གཙོ་བོར་བྱས་ནས་ལྟད་མོ་བར་ཇ་རྟའི་གནའ་ཉམས་དང་། གཙང་གསུམ་གྱི་རིག་རྒྱུན། གསར་བརྗེའི་ནང་དོན་བཅས་ལྡན་པའི་དབྱིངས་ཞུགས་རྣམ་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད། འགོ་ཚུགས་མཛད་སྒོ་དེ《བཀྲ་ཤིས་བདེ་ལེགས》དང་། 《བརྩེ་སེམས་ཀྱིས་ཕྱུག་པའི་ཆབ་མདོ》 《གཙང་གསུམ་ཇ་རྟའི་གླུ་དབྱངས》བཅས་ལེའུ་ཆེན་པོ་གསུམ་ལ་ཕྱེ་ཡོད་པ་དང་། “མཛད་སྒོ་གཟབ་རྒྱས་དང་། ངོ་མཚར་ཆེ་བའི་རིག་རྩལ། དབྱིངས་ཞུགས་རྣམ་པ། ཕྱོགས་བསྡུས་ནང་དོན”བཅས་ཀྱི་འགྲེམས་འཁྲབ་བྱེད་སྟངས་གསར་རྐྱང་ཞིག་བཏོད་ནས་འཁྲབ་སྟོན་ཧྲིལ་པོའི་གོ་རིམ་ཁ་གསལ་བ་དང་དོན་སྙིང་ཆེན་པོ་ལྡན་པར་བྱས་ཡོད།
ཟླ་8ཚེས་20ཉིན་གྱི་སྔ་དྲོར། “ལྗང་ནུས་ཆབ་མདོ། རིག་འདུས་བོད་ཤར”ཞེས་པའི་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། དེ་ནི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་ནང་དོན་གཙོ་བོ་ཞིག་ཡིན་ཞིང་། ཆུ་གློག་དང་། རླུང་གློག འོད་ཤུགས། ནུས་གསོག ཆིང་ནུས། རྩིས་ནུས་སོགས་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། བོད་སྐྱོར་ལས་དོན་རུ་ཁག ཚོང་ཚོགས་མཐུན་ཚོགས། ཀྲུང་དབྱང་ཁེ་ལས་ཀྱི་འཐུས་མི་བཅས་གདན་དྲངས་ཏེ་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་དང་རྣམ་གྲངས་མཉམ་ལས་བྱེད་པའི་ལས་སྟེགས་བསྐྲུན་ཡོད། དུས་འགོའི་ངོ་འཕྲད་གྲོས་མོལ་བྱས་པ་བརྒྱུད། ས་གནས་ས་ཐོག་ཏུ་རྣམ་གྲངས་དང་དེ་བཞིན་འཐབ་ཇུས་མཉམ་ལས་གྲོས་མཐུན་17ལ་མིང་རྟགས་བཀོད་པ་དེ་དག་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་7.65དང་འབྲེལ་བ་ཡོད་པ་དང་། ནང་དོན་གྱི་གྲས་སུ་ནུས་རྒྱུ་གཙང་མ་དང་། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་དང་ལུས་གསོ། ལྗང་མདོག་བཟོ་སྐྲུན། དེང་རབས་ཚོང་དོན་ཞབས་ཞུ། ཚན་རྩལ་རིག་ནུས་བཟོ་སྐྲུན་སོགས་རིགས་མང་པོ་ཚུད་པ་དང་གན་རྒྱ་བཞག་པའི་དངུལ་འབོར་སླར་ཡང་ལོ་རྒྱུས་ཀྱི་མང་ཤོས་སུ་བསླེབས་ཡོད།
ཟླ་8ཚེས་20ཉིན་གྱི་ཕྱི་དྲོ“ཕ་ཡུལ་དུ་ལོག་ནས་སྒྱུ་རྩལ་གླེང་། བརྩེ་སེམས་ཟབ་མོ་ཆབ་མདོར་བཅངས”ཞེས་པའི་ཆབ་མདོ་བའི་གྲགས་ཅན་རིག་རྩལ་ལས་དོན་པའི་བཞུགས་མོལ་ཚོགས་འདུ་ཆབ་མདོའི་ཐོག་ཁང་ཆེ་མོར་འཚོགས་ཤིང་། སྨོན་ལམ་རྡོ་རྗེ་དང་ཚེ་སྐྱིད་སོགས་རིག་རྩལ་འཐུས་མི་10ཕ་ཡུལ་དུ་ལོག་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་གསར་རྩོམ་མཉམ་དུ་གླེང་བ་མ་ཟད། འཕེལ་རྒྱས་དོན་གཉེར་ཡང་བྱས་པ་རེད།
ཉིན་གསུམ་བསྟུད་མར་འཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ཟོག་འགྲེམས་སྟོན་འགྲེམས་ཚོང་གི་བྱེད་སྒོར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འགྲེམས་ཚོགས་ཀྱིས“རྫོང་རེ་ལ་ཁྱད་ལྡན་རེ་དང་། རྫོང་རེ་ལ་སྤུས་རྟགས་རེ། རྫོང་རེ་ལ་ཁེ་ལས་རེ”བཅས་ཀྱི་ཐོན་ལས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྱད་ལྡན་འགྲེམས་གནས་65བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་གཙོ་གནད་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཅིག་སྡུད་ཐོག་འགྲེམས་སྟོན་ལ་ཞུགས་པ་རེད། ཚགས་ཤའི་ཐོན་རྫས་དང་། ནས་ཀྱི་ལས་སྣོན་ཐོན་རྫས། ཉུང་མ། ནགས་ཁྲོད་ཤ་མོ། ས་མཐོའི་རྒུན་འབྲུམ། དབྱར་རྩྭ་དགུན་འབུ་སོགས་ཞིང་འབྲོག་ཐོན་རྫས་སྣ་ཁ་འཛོམས་པོ་ཡོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་འགྲེམས་སྟོན་ཁུལ་དང་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་ཆེད་ཁུལ་ཡང་དུས་གཅིག་ཏུ་བཏོན་ནས“དྲ་ཕྱིའི་དངོས་ཚན་འགྲེམས་ཚོང་+དྲ་ཐོག་ཐད་གཏོང་ཟོག་ཚོང”གི་ཕྱོགས་གཉིས་མཉམ་འགུལ་གྱི་ཚོང་གཉེར་རྣམ་པ་བཏོད་པར་ཁྱོན་བྲིན་ཚོང་སྒོར་ཁྲི་200ཙམ་ཟིན་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི“ཁམས་པའི་དབྱར་རྩྭ་དགུན་འབུ་སྤུས་དག”གི་འགྲན་བསྡུར་ཆེ་མོ་སྐབས་གསུམ་པར་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11ནས་ཡོང་བའི་བདམས་ཐོན་པ་11གིས་ས་གནས་དེ་ག་ནས་བཏུས་པའི་དབྱར་རྩྭ་དགུན་འབུ་ཁྱེར་ཏེ་འགྲན་བསྡུར་ལ་ཞུགས་པ་དང་། དཔྱད་ཞིབ་ཚོགས་པས་བཟོ་དབྱིབས་དང་། ཆེ་ཆུང་། སྤུས་ཚད་སོགས་ཀྱི་སྟོན་རྟགས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་རྗེས། སྟེང་ཆེན་རྫོང་གི་མང་ཚོགས་ནོར་ལྷའི་དབྱར་རྩྭ་དགུན་འབུ་རྐང་100ཡི་ལྗིད་ཚད་ལ་ཁེ་95.97ཟིན་ནས་ཨང་དང་པོ་ཐོབ་པ་རེད།
ཟླ་8ཚེས་21ཉིན་གྱི་དགོང་མོ་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་གྱི་མཇུག་བསྡུའི་བྱེད་སྒོ“317གྱི་འགོ་འཛུགས་རོལ་དབྱངས་ཀྱི་དགའ་ནེའུ་དུས་ཆེན”ཚ་ཚ་འུར་འུར་ངང་གཏོང་འགོ་ཚུགས་པ་རེད། བྱེད་སྒོར“དམར་མདངས་ཆབ་མདོ། ཇ་རྟའི་ཉམས་གསར”བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ནང་གི་གྲགས་ཅན་རོལ་དབྱངས་པ་དང་བོད་རིགས་ཀྱི་གཞོན་སྐྱེས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བོད་སྐད་ཀྱི་གཞས་མ་གཏམ་དང་། དར་བཟོའི་གླུ་གཞས། དེང་རབས་ཀྱི་ཞབས་བྲོ་སོགས་སྣ་མང་གི་རོལ་དབྱངས་ཉམས་འགྱུར་མང་དག་ཅིག་གར་སྟེགས་གཅིག་ཏུ་འཁྲབ་སྟོན་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་མི་རིགས་ཀྱི་ཁྱད་ཆོས་དང་དར་བཟོ་གཉིས་ཀ་ལྡན་པའི་མིག་ཡིད་རྣ་བའི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པ་རིམ་གྱིས་མཇུག་འགྲིལ་མོད། སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་བྲག་ཆ་སྔར་བཞིན་གྲགས་འོང་བ་དེ་ནི་ཀྱག་ཀྱོག་གི་ཇ་རྟའི་གནའ་ལམ་དང་འདྲ་བར་ནམ་ཡང་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ལ་ཐིམ་ཡོད།
འབྲེལ་ཡོད་གསར་འགྱུར།