དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • ས་མཐོར་ཕྲ་རྒྱན་བཏབ་པ་ལྟ་བུའི་མཆོག་ནོར་དེ་དག་གི་ཆེད་དུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲའེ་ཧོན་པོ།   |     སྤེལ་དུས།  2026-09-13

    2016ལོ་ནས་2023ལོ་བར། ཧུའུ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་སོགས་ཚན་པ་9ཞུགས་པ་དང་སྨྱུག་འཛིན་པས་གཙོ་སྐྱོང་བྱས་པའི“བོད་ཀྱི་དགོན་སྡེའི་ལྡེབས་རིས་གྲངས་འཛིན་ཅན”གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་། རིམ་རྩིས་བརྒྱབ་ན་དགོན་སྡེ་280ལྷག་ཙམ་གྱི་ལྡེབས་རིས་གྲངས་འཛིན་ཅན་གྱི་ལས་དོན་ལེགས་གྲུབ་ཟིན་ཡོད།

    བོད་ཀྱི་ས་གནས་ཁག་ཏུ་ཁ་ཐོར་དུ་གནས་པའི་གནའ་བོའི་ལྡེབས་རིས་དེ་དག་ནི་ས་མཐོའི་རི་ཀླུང་དུ་ཕྲ་རྒྱན་བཏབ་པ་ལྟ་བུའི་མཆོག་ནོར་དང་གཉིས་སུ་མ་མཆིས། དུས་རབས་20པའི་ལོ་རབས་80པ་ནས་བཟུང་། རིག་དངོས་ལས་དོན་པས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་དང་ཆེད་དོན་བརྟག་དཔྱད་བྱས་པ་བརྒྱུད། གནའ་བོའི་ལྡེབས་རིས་བརྒྱ་གྲངས་ཤེས་རྟོགས་ཐུབ་ཡོད། འོན་ཀྱང་སྐབས་དེ་དུས་ཆ་རྐྱེན་ཧ་ཅང་ཞན་སྟབས་ལྡེབས་རིས་ཟིན་ཐོར་འགོད་པར་ཚད་བཀག་ཆེན་པོ་ཕོག་ཡོད། ཉེ་བའི་ལོ་བཅུ་གྲངས་རིང་། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་སོགས་ཚན་པས་སྔོན་ལ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ་སོགས་ཀྱི་དགོན་སྡེའི་ལྡེབས་རིས་གྲངས་འཛིན་ཅན་དུ་འགྱུར་ཐབས་བྱས་མོད། འོན་ཀྱང་དགོན་སྡེའི་ལྡེབས་རིས་གྲངས་འཛིན་ཅན་གྱི་བརྒྱུད་རིམ་ལྡན་པའི་ལས་དོན་ད་དུང་སྤེལ་འགོ་བཙུགས་མེད། ང་ཚོའི་རྣམ་གྲངས་ནི་རྒྱབ་ལྗོངས་དེ་འདྲའི་འོག་ལག་བསྟར་བྱས་པ་ཞིག་རེད།

    ལོ་8ལྷག་ཙམ་གྱི་དུས་ཚོད་ནང་། ང་དང་ངའི་ཚོགས་པས་བོད་ཀྱི་རི་གྲོང་དང་ལུང་ཁུག་གང་སར་བསྐྱོད་ཅིང་། དབུས་གཙང་གི་ཞིང་ཁུལ་དང་། ཤར་ལྷོའི་རི་ཁྲོད་དང་ནགས་ཚལ་སྟུག་པོའི་ཁུལ། ནུབ་བྱང་གི་འབྲོག་ཁུལ་བཅས་ནས་མི་ཧ་ཅང་མཐོང་དཀོན་པའི་མཐའ་མཚམས་བར་བསྐྱོད་དེ་ལུང་ཁུག་གྲོང་གསེབ་ཀྱི་ལྷ་ཁང་ཆུང་ངུ་གྲངས་ལས་འདས་པ་ནས་ཤེས་དཔལ་གྱི་རྗེས་ཤུལ་ཟིན་ཐོར་བཀོད་ཡོད། ལྐོག་འགྱུར་གྱི་ལྡེབས་རིས་ལ་གློག་འོད་འཕྲོ་སྐབས་གནའ་བོའི་ཉམས་སྣང་མིག་མདུན་དུ་མངོན། དེ་དག་ནི་ལོ་རྒྱུས་ཀྱི་ཁུངས་སྣེ་མང་པོའི་མཇུག་སྣེ་རེད།

    2017ལོའི་དབྱར་ཁར། ང་ཚོས་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་ལྷོ་རྒྱུད་རི་གྲོང་ནས་ལྡེབས་རིས་ཀྱི་ཁུངས་སྣེ་བཙལ་བ་ཡིན། ལོ་ཟླ་མང་པོ་ཕྱིན་ནས་ཞིག་རལ་དུ་སོང་བའི་གནའ་བོའི་མཆོད་རྟེན་ཞིག་གློ་བུར་མིག་ལམ་དུ་འཆར་སྐབས་དེའི་རྣམ་པ་ནི་ངའི་དྲན་པའི་མེ་ལོང་ངོས་ཀྱི་རྨོ་བོ་ཞིག་དང་གཉིས་སུ་མ་མཆིས། རྩད་གཅོད་དགོས་མ་རེད། འདི་རང་རེད། མཆོད་རྟེན་གྱི་འཁྲིས་སུ་མཆོད་ཁང་རྙིང་པ་ཞིག་ཡོད་པ་དང་། མཐའ་འཁོར་ནི་སྐོར་ལམ་ཡིན་ཞིང་། མཆོད་རྟེན་གྱི་བཟོ་ལྟ་འདི་རྒྱ་གར་གྱི་ནུབ་བྱང་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་དུ་ཧ་ཅང་དར་ཁྱབ་ཆེ། བོད་དུ་སྤྱིར་ན་མཆོད་རྟེན་དང་ལྷ་ཁང་ལོགས་སུ་ཕྱེ་ཡོད་པ་དང་། མིང་མེད་ལྷ་ཁང་ཆུང་ཆུང་འདི་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་རྒྱུན་ཆད་པའི་བཟོ་སྐྲུན་གྱི་རྣམ་པ་ཞིག་ཡིན་ཤས་ཆེ། འདི་ལོ་ཟླའི་ཆར་རླུང་གིས་མ་གཙེས་པར་ད་ལྟའི་བར་ཉར་ཚགས་ཐུབ་པ་ནི་ངོ་མ་ཧང་སངས་དགོས་པ་ཞིག་རེད། ལྷ་ཁང་ཆུང་ཆུང་འདིར་སྔ་དུས་ཀྱི་ལྡེབས་རིས་དང་ནེ་པ་ལའི་རི་མོའི་ཉམས་འགྱུར་ཉར་ཚགས་བྱས་ཡོད་པ་དང་། ཕར་བལྟས་ཚོད་ལ་དུས་རབས་14ཡས་མས་སྐབས་ཀྱི་ཡིན་ཚོད་འདུག འདི་ག་ནི་རི་ཐང་གྲོང་ཚོའི་འགོག་ཚོགས་ཆུང་གི་ཁོངས་སུ་གཏོགས་པ་དང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཤེས་རྟོགས་མ་ཐུབ་པས་ངས་འདི་ལ“འགོག་ལྷ་ཁང”ཞེས་མིང་བཏགས་པ་ཡིན།

    བོད་ཀྱི་སྔ་དུས་ཀྱི་ལྡེབས་རིས་མཐོང་དཀོན་པ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་ཞིང་། ལུང་ཁུག་གི་ལྷ་ཁང་ཆུང་ཆུང་ཁག་གཅིག་མིས་ཞིག་གསོ་བྱེད་ཉུང་ཉུང་ཡིན་པར་བརྟེན་སྔ་དུས་ཀྱི་ཤུལ་བཞག་རིག་དངོས་དེ་བས་མང་བ་ཉར་ཚགས་ཐུབ་ཡོད། སྔ་དུས་ཀྱི་ལྡེབས་རིས་འདི་དག་གི་སྲུང་སྐྱོབ་ལ་གནད་དོན་ཆེན་པོ་གཉིས་འཕྲད་ཡོད་པ་སྟེ། གཅིག་ནི་རང་བྱུང་གི་ཟད་སྐྱོན་ཐེབས་པ་ཡིན་ཞིང་། དགོན་པའི་བཟོ་བཀོད་ལ་ཆར་རླུང་སོགས་ཀྱི་ཟད་སྐྱོན་ཐེབས་ནས་ལྡེབས་རིས་ཀྱི་ངོས་དང་རྩི་རྒྱུ་རྙིང་པ་ཆགས་ཏེ་ལྡེབས་རིས་གོག་པ་སོགས་ཀྱི་སྣང་ཚུལ་ཐོན་བཞིན་ཡོད། དགོན་པ་ཁ་ཤས་བརྡིབས་ནས་ལྡེབས་རིས་ཕྱིར་མངོན་པས་དེ་བས་གཏོར་སྐྱོན་ཕོག་སླ་པོ་ཡོད། གཉིས་ནི་མིས་གཏོར་སྐྱོན་གཏོང་བ་དེ་ཡིན་ཞིང་། དགོན་པ་མང་པོའི་ལྡེབས་རིས་དེང་རབས་ཀྱི་ཉམས་གསོའི་བརྒྱུད་རིམ་ནང་བསྐྱར་དུ་བཞེངས་ཡོད། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཉུང་ཤས་ཕུད། རིག་དངོས་སྡེ་ཚན་ཁག་གིས་སྤྱིར་ན་བཀག་འགོག་བྱེད་ཐབས་བྲལ་བས་གནའ་བོའི་ལྡེབས་རིས་མང་པོ་ཞིག་དེའི་རྐྱེན་གྱིས་མེད་པར་གྱུར་ཡོད། དེས་ན། སྲུང་སྐྱོབ་བྱེད་ཐབས་ཡག་ཤོས་ནི་གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་པར་རིས་ཆ་འཕྲིན་ཡུན་རིང་ཉར་ཚགས་བྱེད་རྒྱུ་དེ་རེད། དཔྱད་གཞི་འདི་དག་གིས་བོད་བརྒྱུད་ནང་བསྟན་གྱི་གནའ་རྫས་རྟོག་ཞིབ་དང་། ལྡེབས་རིས་རིག་པ། བོད་ཀྱི་སྒྱུ་རྩལ་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པར་ཁྱབ་ཁོངས་གསར་པ་ཞིག་བཏོད་པ་མ་ཟད། ལྡེབས་རིས་སྲུང་སྐྱོབ་ཇུས་གཞི་ཞིབ་ཕྲ་བཟོ་བར་ཡང་རྨང་གཞི་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།