དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གདུང་སེམས་མཉམ་སྐྱེད་ལས་ཀྲུང་ཧྭའི་སྙིང་སྟོབས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྷ་ཤར་ཕུར་བུ་ཚེ་རིང་།   |     སྤེལ་དུས།  2026-09-13

    མང་ཡུལ་ཤར་ཕྱོགས་ལ་དྷེ་སྦས་ཡུལ་ཕྱོགས། །

    སྲིད་པའི་གངས་རི་དགེ་བསྙེན་གླིང་དུ་ཆགས། །

    བསྐལ་པའི་འཁྱགས་རོམ་ཤེལ་གྱི་ཕོ་བྲང་བཞིན། །

    མིག་ཟུང་འཆར་དུས་བརྗིད་ཆགས་ལྟ་ན་སྡུག །

    གནས་ཡུལ་ཚ་ཤོད་ལ་དྷེ་སྦས་ཡུལ་ཞེས། །

    གོ་ལའི་ཁྱོན་དུ་གཏམ་གསུམ་སྐད་དུ་གྲགས། །

    ཕྱོགས་མཚམས་གངས་རི་ར་བས་ཡོངས་སུ་བརྒྱན། །

    རི་བོ་བརྗིད་ལ་མཚོ་མོ་རྒྱུ་སྐར་བཞིན། །

    དྭངས་གཙང་འབབ་ཆུ་དར་དཀར་འཕྱངས་དང་མཉམ། །

    གདོད་མའི་ནགས་ཀྱིས་ས་འཛིན་ཡོངས་སུ་བཀླུབས། །

    དྲག་ཏུ་འབབ་པའི་ཆུ་བོ་ཏུང་ལིང་གཙང་། །

    ཐུར་ནས་ཐུར་དུ་བལ་ཡུལ་ཕྱོགས་སུ་བཞུར། །

    སྲིད་པའི་གངས་ཆེན་དགེ་བསྙེན་དྲེག་པ་ཅན། །

    གཏུམ་སྤྱོད་དྲག་པོས་མི་སྲོག་འཕྲོག་ཐབས་ཀྱིས། །

    རྟ་ལོའི་ཟླ་བརྒྱད་གཟའ་ལྷག་ཉེར་དྲུག་ཞོགས། །

    འདམ་རྡོའི་ཆུ་རུད་དྲག་པོ་རབ་ཏུ་འཕྱུར། །

    སྨྱོ་ཆུ་དྲག་པོས་རོང་ནས་སྐད་ངན་སྒྲོག །

    སྐྱི་བསེར་རླུང་གིས་འཁྱགས་རོམ་མཁའ་རུ་བཏེགས། །

    རི་ཀླུང་ཡོངས་རྫོགས་འཇིགས་པའི་ས་གཡོ་བཞིན། །

    ལུང་ཤུར་རི་བསྙིལ་དུ་སྤྲིན་ནག་གིས་བཏུམས། །

    སྨྱོ་ཆུ་ནག་པོ་མཁའ་ལ་རབ་ཏུ་འཕྱུར། །

    ལུང་ཆུང་མི་སེམས་བདེ་བའི་གནས་མ་མཆིས། །

    མིག་ཟུང་ལྟ་ཐེངས་ཉིད་དུ་གློག་ལྟར་འཁྱུག །

    རི་ཟུར་ཁུལ་དུ་སྐར་ཆ་འགའ་ལ་ལྷུངས། །

    ས་གསུམ་རི་གསུམ་ཆུ་གཉིས་འཛོམས་པའི་རོང་། །

    ཞི་འཇམ་བདེ་གནས་ཀྲུང་ནེའི་ས་ཡི་མཚམས། །

    རྣམ་ཀུན་ཚོང་དོན་ཡུལ་སྐོར་འཁྲུག་ཆ་དོད། །

    གློ་བུར་ཆུ་རུད་དྲག་པོས་ས་གཞི་བཀང་། །

    གེགས་བར་ཆ་འཕྲིན་ཤར་ཕྱོགས་ཡུལ་དུ་འབྱོར། །

    སྤྱི་ཁྱབ་ཧྲུའུ་ཅིའི་སྙན་དུ་ཐོས་པའི་ཚེ། །

    དེ་མ་ཉིད་དུ་གེགས་སེལ་རྒུད་སྐྱོབ་ཀྱིས། །

    ལས་དོན་སྤེལ་དགོས་བཀའ་བཀོད་མྱུར་དུ་མཛད། །

    མང་ཡུལ་འདམ་རྡོའི་ཆུ་རུད་གནད་དོན་ཉིད། །

    རླབས་ཆེན་ཏང་གིས་གཙིགས་སུ་འཛིན་ནས་ནི། །

    ཙུང་ལི་ལི་ཆང་ས་ཡུལ་དངོས་སུ་ཕེབས། །

    མི་སྣ་འཚོལ་ཞིབ་ལས་དོན་ནན་དུ་མཛད། །

    ཙུང་ལི་མཆོག་གིས་བྱམས་བརྩེའི་ཐུགས་དཀར་ལས། །

    ཚེ་འདས་ནང་མི་གེགས་བར་མང་ཚོགས་ལ། །

    གདུང་སེམས་མཉམ་སྐྱེད་བརྩེ་བའི་བཀའ་མོལ་དང་། །

    ཀྲུང་དབྱང་མཛད་འཕྲིན་དལ་གཏམ་ལྷུག་པོར་གླེང་། །

    སྐྱིད་གྲོང་ཆུ་རུད་གེགས་བར་དེར་དམིགས་ནས། །

    རང་ལྗོངས་གོང་རིམ་དབུ་ཁྲིད་ལྷན་རྒྱས་ཀྱིས། །

    དོན་རྐྱེན་སྤྱི་བཀུར་འཐབ་ས་དང་པོའི་ཕྱོགས། །

    བྲལ་མེད་བཀོད་འདོམས་ཀྲུང་དབྱང་མཛུབ་སྟོན་བསྟར། །

    རླབས་ཆེན་བཀའ་སློབ་ཉིན་བྱེད་ཤར་དང་མཚུངས། །

    སྐྱིད་གྲོང་ཆུ་རྐྱེན་གེགས་བར་སེལ་བའི་སླད། །

    ཚན་རྩལ་རྩེར་སོན་ལས་དོན་མི་སྣ་དག །

    ཉིན་མཚན་ཁོར་མོར་གནོད་འཚེའི་ཁུལ་དུ་བསྐྱོད། །

    མང་ཡུལ་ཆར་དྲག་གྲོག་རོང་གུ་དོག་ཆེ། །

    གཙང་ཆུ་རྒྱས་བཞིན་མི་རྣམས་བགྲོད་པར་དཀའ། །

    འཐབ་ས་དང་པོར་བསྐྱོད་པའི་བློ་མཐུན་ཚོས། །

    ཉིན་མཚན་ཁོར་མོར་རོགས་སྐྱོབ་ལས་ལ་བརྩོན། །

    རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས། །

    རྒྱལ་ཡོངས་མི་དམངས་ཀུན་སེམས་གཅིག་ཏུ་བསྒྲིལ། །

    གནོད་འཚེ་ཁུལ་ལ་བཅངས་པའི་གདུང་སེམས་ལས། །

    ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་བཟང་པོ་མངོན། །

    གཡང་གཟར་གྲོག་རོང་གཤིན་རྗེའི་ཁ་དང་མཚུངས། །

    དྲག་ཏུ་འབབ་པའི་མང་ཡུལ་གཙང་ཆབ་ངོགས། །

    རོགས་སྐྱོབ་མི་སྣས་རང་སྲོག་བློས་གཏོང་གིས། །

    ལམ་བུ་གསར་བཟོ་མི་སྣ་འཚོལ་བར་འབད། །

    ཟས་ལ་སྐམ་བཟའ་ཆུ་གྲང་ལུས་ལ་སིམ། །

    གཟུགས་ཡོངས་བརླན་དང་འདམ་གྱིས་ཡོངས་སུ་ཁེངས། །

    རི་གཟར་རྦབ་རྡོའི་འཇིགས་པའི་ལམ་འཕྲང་དེར། །

    རྔུལ་ཆུས་འཚོས་ཀྱང་དཀའ་སྤྱད་ལས་ལ་བྲེལ། །

    ཆུ་ཀླུང་ཆེན་པོའི་འདམ་རྫབ་འགྲམ་རུད་ངོགས། །

    འཕྲུལ་འཁོར་དང་ནི་མེ་གསོད་དཔུང་དམག་དང་། །

    ཚན་རྩལ་མི་སྣ་དང་ནི་སྨྱན་སྦྱོར་གསར་འགོད་སོགས། །

    ཉིན་མཚན་ཁོར་མོར་གེགས་སྐྱོབ་བྱ་བར་བརྩོན། །

    ངལ་དུབ་ཆེ་ཡང་བཀའ་རྒྱ་དང་དུ་བླངས། །

    འདམ་རྡོའི་ཆུ་རུད་བཀང་བའི་རོང་ལམ་དོག །

    ཉིན་བདུན་བརྒྱད་ལ་འགག་སྒོའི་ལྟེ་བའི་བར། །

    བགྲོད་ལམ་ཤར་གཏོང་ཐུབ་པ་ངོ་མཚར་ཆེ། །

    ཀྲུང་ཧྭ་མི་དམངས་སྙིང་སྟོབས་ཧ་ཅང་ཆེ། །

    སྲིད་པའི་ཁྱོན་དུ་སུས་ཀྱང་འགྲན་ནུས་བྲལ། །

    གང་དུ་གནོད་འཚེ་འཕྲད་ཚེ་དཔུང་དམག་རྣམས། །

    གང་དེར་ཆས་པ་ཀྲུང་ཧྭའི་སྲོལ་རྒྱུན་ཡིན། །

    གདོང་མཆོང་དཔའ་བོ་དམངས་ཀྱི་སྲོག་སྐྱོབ་མགོན། །

    ཚ་གྲང་ཅི་ལའང་ཞུམ་མེད་སྙིང་སྟོབས་བཅངས། །

    རང་སྲོག་དོར་ནས་ཀུན་ལ་བདེ་བ་བསྐྲུན། །

    ཀྲུང་ཧྭ་དཔའ་བོའི་གཟི་བརྗིད་རབ་ཏུ་མངོན། །

    བརྗོད་པར་དཀའ་བའི་འགལ་རྐྱེན་བར་ཆད་དེ། །

    འཇིག་རྟེན་ཁམས་སུ་མི་ཡོང་སྨོན་ལམ་དང་། །

    འཛམ་གླིང་ཞི་བདེ་འབྱུང་བཞིའི་རྐྱེན་ངན་སོགས། །

    སྤྱི་ཡོངས་བཟློག་པའི་སྨོན་ལམ་འགྲུབ་པར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།