དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དགེ་རྒན་ལགས། དུས་ཆེན་སྤྲོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བན་ཤུལ་དཔལ་ལོ།   |     སྤེལ་དུས།  2026-09-13

    དགེ་རྒན་ལགས། ཁྱེད་ཀྱི་དུས་ཆེན་གྱི་སྔ་ནུབ་ཏུ། རྒྱལ་ཡོངས་གོང་འོག་བར་གསུམ་ན། ཁྱེད་ཀྱི་ལས་རིགས་ལ་རྟེན་འབྲེལ་གྱི་གསོལ་སྟོན་གཤོམ་བཞིན་ཡོད། ན་ཆུང་སྐལ་ལྡན་སློབ་བུ་ཚོས། ཁྱེད་ལ་དྲིན་གཟོ་ཡི་ཁ་གཡང་སྒྲོག་བཞིན་ཡོད། ཁྱེད་ནི་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་སྐྲུན་པ་སྟེ། མ་འོངས་མི་རབས་སྐྱེད་སྲིང་ཕྱིར་དུ་རྔུལ་ཆུ་གཏོར་མཁན་གྱི་སློབ་དཔོན་དམ་པ་དེ་ཡིན།

    ཁྱེད་ཀྱི་བྱམས་བརྩེའི་ཆུ་འཛིན་གྱིས། རྨོངས་མུན་གྱི་མྱ་ངམ་ཐང་ལ་བརླན་གཤེར་གྱི་སྦྲང་ཆར་བསྙིལ་ཞིང་། ཁྱེད་ཀྱི་གདམས་ངག་གི་འོད་སྣང་དྭངས་མས། འཁྱག་གྲང་གི་ཡུལ་གྲུ་ལ་རིས་མེད་ཀྱི་དྲོད་ཁོལ་བསྩལ་ཡོད། ཁྱེད་ཀྱི་ཐུགས་རྒྱུད་ཤེས་རིག་ཉིང་ཁུ་ཡིས། བུ་སློབ་ཁྱུ་གཅིག་གི་ཕུགས་བསམ་གྱི་ཞིང་ས་བརླན་པར་བྱས་ཡོད། ཁྱེད་ནི་ས་སྒང་གི་བུ་ཕྲུག་ཚོའི་རྣམ་ཤེས་འདྲོང་མཁན་རེད་ལ། ཁྱེད་ནི་སློབ་གསོའི་ལས་སྟེགས་ཐོག་གི་རླབས་ཆེ་བའི་གཟིམ་མེད་ཀྱི་སྒྲོན་མེ་དེའང་རེད། ཁྱེད་ཀྱི་དུས་ཆེན་གྱི་མཚམས་སུ། ཁྱེད་ཀྱི་བྱ་གཞག་ལ་ཁས་ལེན་གྱི་མཚན་རྟགས་སྤྲད་ཡོད་ལ། ཁྱེད་ཀྱི་ལས་དོན་ལ་བསྟོད་གསུམ་གྱི་མཇུག་བསྡོམས་ཐེངས་ཤིག་གནང་ཡོད།

    དགེ་རྒན་ལགས། དུས་ཆེན་སྤྲོ། ཁྱེད་ཀྱིས་ནག་པང་དང་ས་སྨྱུག་གི་ཞུན་བརྡར་བར་ནས། སློབ་མ་ཕུལ་བྱུང་མང་པོ་སྤྱི་ཚོགས་ལ་སྐྱེས་སུ་ཕུལ་ཞིང་། ཁྱེད་ཀྱི་ཤ་ཚ་སྙིང་ཉེ་ཡི་འཆད་ཁྲིད་སྣ་ཚོགས་ཀྱིས། བུ་སློབ་གྲངས་མེད་ཀྱི་རང་རྒྱུད་གྲོལ་བར་མཛད། ཁྱེད་ཀྱི་བུམ་པ་གང་བྱོའི་ཚུལ་གྱི་གདམས་ངག་གྲུ་ཆར་གྱིས། སྐལ་ལྡན་རྣམས་ལ་ཤེས་བྱའི་དཀའ་གནད་རེ་རེ་མཛུབ་མོས་རི་སྟོན་གནང་།

    དགེ་རྒན་ལགས། དུས་ཆེན་གྱི་སྔ་ནུབ་འདིར། ཁྱེད་ཀྱིས་རང་སེམས་རྣལ་དུ་ཕབ་སྟེ་སྐུ་ངལ་ཐེངས་གཅིག་གསོ་རོགས། ཁྱེད་ཀྱིས་རང་གི་སློབ་བུ་རྣམས་ལ་སྙིང་གི་ཞལ་གདམས་ཐེངས་གཅིག་གནང་རོགས། ཁྱེད་ཀྱིས་རང་གི་དགེ་གྲོགས་རྣམས་ལ་བཀྲ་ཤིས་པའི་མཆོད་ཆང་ཐེངས་ཤིག་འདྲེན་རོགས། དེ་རིང་། ངས་སྙན་ངག་གི་ཤིས་བརྗོད་ངག་རིག་ཕྲེང་བ་འདི། ཁྱེད་ལ་དུས་ཆེན་གྱི་སྐྱེས་སུ་ཕུལ་བ་ལགས་སོ།།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།