དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གྱི་སྟོན་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གངས་ཕྲུག་རྒྱལ།   |     སྤེལ་དུས།  2026-09-13

    འུར་འུར་གྲགས་པའི་དབྱར་གྱི་འབྲུག་སྒྲ་རེ་ཞིག་མགྲིན་པ་འགགས་པ་འདྲ། །

    ལང་ལོང་འདུ་བའི་སྤྲིན་པ་ནག་པོ་ལྷོ་དང་བྱང་དུ་ཡིབ་སྟེ་གནས། །

    ཤག་ཤག་འབབ་པའི་ཆར་པ་ཟམ་ཟིམ་སྐེམ་དུ་སོང་བའི་མིག་ཆུ་བཞིན། །

    ལྷང་ལྷང་འཚེར་བའི་ཉི་མ་ཁོ་ན་ནམ་མཁའི་རྣ་ཆ་ཁོ་ནར་གྱུར། །

    དལ་བུར་ལྡང་བའི་རླུང་བུ་ཞིག་གིས་ལོ་མའི་སྡོད་ཁང་ས་རུ་བསྒྱུར། །

    དེ་མ་ཉིད་དུ་ས་གཞིའི་ངོས་ལ་གསེར་གྱིས་བྲིས་པའི་རི་མོ་བཀོད། །

    ཡུལ་ལྗོངས་ཀུན་ལ་གསེར་ཞུན་བྱུགས་འདྲའི་ལོ་ལེགས་གསར་པས་མགོ་བོ་ལྡེམ། །

    རྩྭ་དག་རླུང་གི་འཕྱོ་འཇགས་ཁྲོད་དུ་ཁ་དོག་ལྗང་གུ་རིམ་གྱིས་བརླགས། །

    དེའི་ཚེ་དུས་ཚིགས་གསུམ་པའི་ཉམས་སྣང་ས་གཞིའི་ངོས་ལ་གསལ་ལེར་འཆར། །

    བྱ་བྱིའུ་མང་པོ་སྐྱོ་བས་འཕུར་ཡང་ཞིང་པའི་བཞིན་ལ་འཛུམ་མདངས་རྒྱས། །

    སྙེ་མའི་མགོ་བོ་ཐུར་ལ་དཔྱངས་པ་འབྲས་བུས་གཏམས་པའི་རྣམ་འགྱུར་ཏེ། །

    དེ་ལ་རླུང་གིས་གཡོས་པའི་རྣམ་པས་བདག་པོར་གཡབ་མོ་བྱེད་དང་མཚུངས། །

    ཟོར་ཆུང་ལེབ་མོ་ཤུགས་ཀྱིས་འགུལ་བས་སོག་མ་ཕྲ་མོ་དུམ་བུར་གཏུབས། །

    དཀའ་ཐུབ་ལུས་ལ་རྔུལ་ཆུ་ཁྲོམ་མེར་དབུགས་ཀྱང་ཅུང་ཟད་ཧལ་བཞིན་མོད། །

    བཞིན་ལ་འཛུམ་པའི་སོ་དཀར་མངོན་པ་སྐར་མ་ཤར་བའི་ངང་ཚུལ་ཅན། །

    མགྲིན་པའི་སྦུབས་ནས་གླུ་སྒྲ་སྙན་མོ་རི་ཀླུང་ཐང་གསུམ་འགེངས་བྱེད་པ། །

    སྟོན་གྱི་དུས་འདིར་ཞིང་གྲོང་འདི་ནི་གྲོང་ཁྱེར་དག་ལས་འཁྲུག་པར་སྣང་། །

    ཚར་མའི་ཕོན་པོ་ཞིང་ཆུང་ནང་དུ་མོག་མོག་བཙོས་པའི་མོག་ཕྲུ་འདྲ། །

    རིམ་པར་བརྩེགས་པའི་སྐས་ཞིང་དག་ནི་མཆོད་རྟེན་བརྩེགས་པའི་བང་རིམ་བཞིན། །

    ཐང་གཤོངས་ཡངས་མོའི་ཞིང་ཐང་དེ་ནི་ཤོག་དཀར་སྟེང་གི་རེ་ཁཱ་སྟེ། །

    སྣ་ཚོགས་གཟུགས་དང་ཁ་དོག་གིས་འགྱིངས་ཡུལ་ལུང་འདི་ཉིད་རབ་ཏུ་མཛེས། །

    སྔོ་ལྗང་ལོ་མའི་ལང་ཚོ་གསར་པ་སད་སེར་གཏུམ་པོས་མ་བཅོམ་པ། །

    དགུང་བསངས་ཨ་སྔོན་བཀའ་དྲིན་གསོ་ཕྱིར་གཏང་རག་སླད་དུ་མཆོད་པ་ཡི། །

    འབྲུ་སོགས་བསྣམས་ཏེ་མཆོད་པ་འབུལ་ཞིང་སྣ་ཚོགས་ཆོ་ག་ལེགས་པར་བྱས། །

    སང་ལོའི་རེ་བའི་འབྲས་བུ་སྨིན་ལ་གེགས་བར་དབེན་པའི་སྨོན་ལམ་བཏབ། །

    བཅོ་ལྔའི་ཟླ་བ་ལམ་ལམ་འཚེར་བ་ཞིང་པའི་རོགས་ཟླར་ཡོང་བ་བཞིན། །

    ཉིན་དཀར་མ་ཟད་མཚན་མོའི་དུས་སུའང་གཉིད་ལ་མ་ཡུར་ལས་ལ་གཞོལ། །

    སྐས་ཞིང་རི་ལམ་ཆུང་ངུ་དག་ནི་དུད་འགྲོས་མི་འདྲེན་ཐབས་མེད་ཀྱང་། །

    གཞུང་ཞིང་འཕྲུལ་གྱིས་མྱུར་མོར་འདྲེན་པ་འཕོ་འགྱུར་ཟེར་བ་བསྟན་དང་མཚུངས། །

    ཞིང་ཐང་གྲུ་བཞི་སྟོང་པར་གྱུར་དུས་དུད་འགྲོ་དག་གི་ལོ་གསར་ཏེ། །

    སོག་མའི་རྩྭ་དང་འབྲུ་ཡི་ལྷག་མ་རྩྭ་སོགས་གང་འདོད་བཟའ་ཆོག་ཅིང་། །

    ཁྱུ་དང་ཁྱུ་བྱས་རྩེ་དགར་རོལ་ཞོར་རྡུང་ཁ་འགྲན་ནས་རྒྱལ་ཕམ་རྩོད། །

    རེ་ཞིག་དཀར་ནག་ཁྲ་བོའི་ཚོན་རིས་བྲིས་ལྟར་ཡིད་འོང་རྣམ་པར་བཀྲ། །

    ནས་དང་སོག་མའི་དབྱེ་བ་བརྗེས་ལ་གཡུལ་ཁ་གཅོག་ཅེས་བྱ་བ་སྟེ། །

    སྔ་མོ་དུད་འགྲོའི་སུག་བཞིས་བཅགས་པས་ཉིན་མཚན་བཅོ་བརྒྱད་འགོར་བ་ལ། །

    ཚན་རྩལ་འཕྲུལ་གྱི་འཁོར་ལོས་སྒྱུར་དུས་ཉིན་ཞག་འགའ་ལ་མཇུག་བསྒྲིལ་བ། །

    མྱུར་ཞིང་སླ་ལ་སྟབས་བདེ་ཅན་གྱིས་འཕེལ་རྒྱས་ཞེས་པའི་རྟགས་མཚན་མངོན། །

    ཕ་ཡུལ་རི་ཁུག་ལུང་ཆུང་འདི་རུའང་དུས་བསྟུན་གོམ་སྒྲ་ལྷང་ལྷང་གྲགས། །

    གྲོ་ནས་སྲན་དང་པད་ཁ་སྤུངས་པས་རི་བོའི་རྔམ་ཟིལ་ཉམས་བྱེད་ཅིང་། །

    བང་མཛོད་ཆེན་མོ་ལྟེམ་མེར་བཀང་བས་བྱི་བ་དགའ་བའི་འཛུམ་བག་ལྡན། །

    གསེར་རྡོག་སེར་པོས་སྨིན་པའི་ལོ་ལེགས་སོ་ནམ་པ་རྣམས་དགའ་བྱེད་དེ། །

    ཕ་ཡུལ་སྐྱིད་པའི་གཞོང་གཞོང་འདི་ན་སྟོན་ཁའི་ཉམས་སྣང་མངོན་པར་བཀྲ། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།