དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • ཤེས་དཔལ་མྱོང་རོལ་གྱི་སྐར་ཁུང་། མི་རིགས་ཐུན་མོང་གི་དྲན་ཤེས།

    ​—— བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་གི་མཐོང་ཐོས་རགས་ཙམ་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-09-12

    མི་རིང་བའི་གོང་། བོད་རང་སྐྱོང་ལྗོངས་ཀྱི་གཞུང་ཕྱོགས་ཆ་འཕྲིན་ཞིག་ལས་མིག་སྔའི་བར་བོད་ལྗོངས་སུ་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་3845དང་མཚོན་བྱེད་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་3156ཡོད་ལ། ཕོ་བྲང་པོ་ཏ་ལ་དང་། ལྷ་ལྡན་གཙུག་ལག་ཁང་། ནོར་བུ་གླིང་ཁ། ས་སྐྱ་དགོན་ལྟ་བུ་འཛམ་གླིང་ལ་སྐད་གྲགས་ཆོད་པའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་དེ་དག་སྲུང་སྐྱོང་གང་ལེགས་བྱུང་ཡོད་ཅེས་པའི་ཆ་འཕྲིན་མཐོང་མ་ཐག་ངེད་ཚོ་གསར་འགོད་པས་ལྷ་ས་གྲོང་ཁྱེར་རིག་གནས་བསམ་བཀོད་གླིང་དུ་ཆགས་པའི་བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་པར་བསྐྱོད་པ་ཡིན།

    བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་རྟེན་མཛོད་ཁང་ནི་གངས་ལྗོངས་ས་མཐོའི་རིག་གནས་ཉིང་བཅུད་ཀྱི“གཞི་རྒྱུའི་བང་མཛོད”ལྟ་བུ་ཡིན་ཞིང་། དེའི་ནང་བརྗོད་གཞི་ཆེན་པོ་དྲུག་གི་རྣམ་གྲངས་ཆེན་པོ་བཅུ་ཚུད་ཡོད་པ་དེ་དག་མངོན་མིན་རིག་གནས་ཤུལ་བཞག་གི་གལ་ཆེའི་རྣམ་གྲངས་མང་པོར་ཁྱབ་པ་དཔེར་ན། འགྲོ་བ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་3དང་། རྒྱལ་ཁབ་རིམ་པའི་རྣམ་གྲངས་37 ལྗོངས་རིམ་པའི་རྣམ་གྲངས་51བཅས་ནང་གསེས་ཁག་19ལ་དབྱེ་ནས་རྒྱས་འགྲེམས་བྱས་ཡོད་པ་རེད། རྟེན་མཛོད་ཁང་གི་འགྲེམས་རྫས་ཁྲོད་རྡུལ་ཚོན་དཀྱིལ་འཁོར་དང་། བོད་ཀྱི་ཟློས་གར། ཞལ་ཐང་། པར་ཤིང་། བོད་ཤོག འཇིམ་བཟོ། གསོ་རིག གནམ་རིག་སྐར་རྩིས། གླིང་སྒྲུང་། སྤོས། ཁ་གདན། བོད་རིགས་ཀྱི་རྒྱན་གོས། ཞལ་འབག་སོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་དཔང་རྟགས་ཁུངས་བཙན་ལ། བོད་རིགས་མི་དམངས་ཚོས་མི་ལོ་སྟོང་ཕྲག་རིང་ཐུན་མོང་ཐོག་ལོ་རྒྱུས་གསར་གཏོད་དང་བསམ་པའི་གཤིས་རྒྱུད་སྐྱེད་སྲིང་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བཞུད་ལམ་མཚོན་གྱི་ཡོད།

    ང་ཚོས་བོད་ཤོག་དང་པར་ཤིང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱུས་ལོན་བྱེད་སྐབས། ཀྲུང་ཧྭའི་གསར་གཏོད་ཆེན་མོ་བཞིའི་ཡ་གྱལ་སྒྲིག་སྦྱོར་པར་འདེབས་ལག་རྩལ་ལ་བརྟེན་ནས་མིང་ཆིང་དུས་རབས་སུ་བོད་ཀྱི་པར་ཤིང་བརྐོ་བའི་ལག་རྩལ་དར་བ་ཤེས་རྟོགས་བྱུང་། ཐོག་མར་ལག་རྩལ་དེ་ནི་ཆོས་ལུགས་རིག་གནས་བརྒྱུད་སྤེལ་བྱེད་ཆེད་ཐོན་པ་ཡིན་མོད། རིམ་བཞིན་བོད་ནང་ཁུལ་དུ་འཕེལ་རྒྱས་བྱུང་ནས་པར་ཤིང་བརྐོ་བའི་ལག་རྩལ་གཞི་རྐང་ཚུགས་རྗེས། བོད་ཀྱི་གསོ་རིག་སྨན་གཞུང་དང་། གནམ་རིག་སྐར་རྩིས་རིག་པ། དམངས་ཁྲོད་རྩོམ་རིག སྲོལ་རྒྱུན་རོལ་དབྱངས། མཛེས་རིག་སོགས་ཟིན་འགོད་དང་ཁྱབ་སྤེལ་ལ་བེད་སྤྱོད་ཆེན་པོ་བྱུང་ཡོད་པས། ལག་རྩལ་དེ་བཞིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རྣམ་གྲངས་ཀྱི་སྐབས་གཉིས་པའི་མིང་གཞུང་དུ་ཚུད་ཅིང་། ང་ཚོས་ཤུགས་སུ་རྟོགས་ཐུབ་པ་ནི་གངས་ལྗོངས་ས་མཐོའི་མེས་པོ་བློ་གྲོས་ཅན་ཚོས་བག་འཁུམ་གྱི་བསམ་བློའི་འཆིང་རྒྱ་ལས་ཐར་བ་བྱས་ཏེ་མཐའ་འཁོར་མི་རིགས་གཞན་གྱི་ས་ནས་ཕུལ་བྱུང་ཤེས་དཔལ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་མི་རིགས་དབར་མཐུན་སྒྲིལ་དང་སྤེལ་རེས་མཉམ་འདྲེས་བྱེད་པའི་བློ་གཤོག་ལྡན་ཡོད།

    དེ་དང་དེ་ལ་སོགས་ངེད་ཚོས་འབྲེལ་ཡོད་ཁུངས་བཙན་ཡིག་ཆ་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ནས་རྣམ་གྲངས་སྲུང་སྐྱོང་མིང་གཞུང་འཛུགས་པ་དང་། དཔེ་མཚོན་རྒྱུན་འཛིན་པ་ངོས་འཛིན་བྱེད་པ། ཁྲིད་སྦྱོང་རྟེན་གཞི་འཛུགས་པ། གྲོན་དངུལ་རིམ་ཁག་ནོར་སྲིད་སྔོན་རྩིས་ནང་འཇུག་པ་བཅས་བྱ་ཐབས་སྣ་མང་སྤྱད་ནས། སྔ་ཕྱིར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་སྟེ་ཁྲིད་སྦྱོང་རྟེན་གཞི་113དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་4 ལྗོངས་རིམ་པའི་ཐོན་སྐྱེད་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་12བཅས་བཙུགས་པ་དང་། དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་147ལ་རོགས་སྐྱོར་བྱས་ནས་སླར་གསོ་དང་འཕེལ་རྒྱས་བཏང་ཡོད། གཞན་ཡང་། ཐང་ག་དང་། བོད་སྨན། སྤོས་སོགས་ཐོན་སྐྱེད་སྲུང་སྐྱོབ་བྱས་པས། བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་འཕེལ་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཁེ་ཕན་གཉིས་ཀར་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་ནུས་ལྡན་དང་འོས་ཤིང་འཚམ་པའི་བེད་སྤྱོད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།