ང་ཡི་སྐྱིད་གྲོང་། སྙིང་རུས་སྐྱེད་ཤོག་ཨང་།
ཞོགས་པ་དེར།
ཕུ་ན་རི་ཆུས་ཨམ་གཙིགས་བསྡམས་པ་སུ་ཡིས་ཚོར།
སུ་ཞིག་གིས་ཀྱང་བསམ་མི་ཕོད་པའི་ཞོགས་པ་དེར།
ཨ་ཁ་ཁ། སྐྱི་གཡའ་བའི་ཆུ་རུད་ཀྱི་འཇིགས་པ་དེས།
གཅེས་སུ་འོས་པའི་ཚེ་སྲོག་མང་པོ་གློ་བུར་དུ་ཁྱུར་མིད་བཏང་།
ཀྱེ་མ་ཀྱི་ཧུད།
དེ་ཙམ་ན། གྲོང་པའི་བ་ཕྱུགས་ཀྱིས་མིག་ཆུ་འབྱིན།
ཁྱི་རྒན་རྒྱ་བོས་ཀྱང་ཟུག་སྐད་གཅིག་མིན་གཉིས་མིན་དུ་སྒྲོག
སྐྱིད་གྲོང་བ། སེམས་པས་སེམས་པ་སྐྱོར་རོགས།
ཁྱེད་ཅག་ལ་ལན་པ་ཅི།
ཁ་སང་།
འགག་སྒོ་ཡི་ཕར་ཚུར་ལ་འགྲོ་འོང་ནི་རྒོད།
གཞུང་ཞབས་པ། ལྗོངས་རྒྱུ་བ། མི་སེར།
ཅི་འདྲའི་འཁྲུག་ཆ་ནི་དོད།
ཡིད་དུ་ནི་འོང་།
དེ་རིང་།
འདི་གའི་ཡོད་ཚད་ལ་ངོས་མ་ཟིན་པའི་དེ་རིང་།
ཁང་རུལ་དང་མཆོད་མེ། མིག་ཆུ་དང་ངུ་འབོད།
བྲོས་ཁོམ་དང་གཡོལ་ཁོམ་མེད་པའི་ཆག་སྒོ་ཨང་།
བཟོད་ཐབས་དང་ཐེག་ཐབས་མེད་པའི་གེགས་བར་ཨང་།
ཀྱེ་མ་ཀྱི་ཧུད།
ཆུ་རུད་ཀྱི་འཚུབ་ཆ་ཐེངས་གཅིག་གིས།
འདི་གའི་སྐྱེ་འགྲོ་དག་སྡུག་ལ་སྦྱར་སོང་།
ཆུ་རུད་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་ལ་བརྩེ་བ་ལྡན་པས།
ཤུལ་ལུས་པ་ཚོས་སྙིང་རུས་སྐྱེད་དང་།
རྨ་ཁ་འདི་གསོ་བར་དཀའ་ན་ཡང་།
སེམས་པས་སེམས་པ་སྐྱོར་གྱིན་སྙིང་རུས་སྐྱེད་དང་།
སྤུན་ཟླ་ཚོས་ཁྱེད་ཅག་ལ་འཁྲེང་སེམས་ཡང་ཡང་གནང་གི་འདུག
སྙིང་རུས་སྐྱེད། ང་ཡི་སྐྱིད་གྲོང་།
སྙིང་རུས་སྐྱེད། ཤུལ་ལུས་པ་ཚོ།
འབྲེལ་ཡོད་གསར་འགྱུར།