དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཆར་རྗེས་སུ་འཇའ་ཚོན་ཤར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤར་ཚ།   |     སྤེལ་དུས།  2026-09-06

    ཧི་མ་ལ་ཡས་ཞི་འཇམ་གྱི་འཛུམ་མདངས་བསྡུས་པས།

    གངས་རི་དང་ནགས་རིའི་རང་ཚུགས་ཡོངས་སུ་ཤོར།

    ལོ་ཁྲི་སྟོང་མང་པོར་བྲག་ཕུག་ཏུ་བཅུག་པའི་བདུད་རྒན་དེས།

    གངས་རིའི་ལྕགས་ཐག་བཅད་དེ་གློ་བུར་དུ་མི་ཡུལ་གྱི་རྨི་ལམ་དཀྲུགས།


    ཁོས་ཤྭ་འོད་ཀྱིས་བཀུམ་པའི་ནགས་རི་ཁུར་ཞིང་།

    སྡོང་རྒན་དང་ཕ་བོང་གི་རལ་པ་ཕྲག་ཏུ་འཕྱངས་ཏེ།

    སྐྱིད་གྲོང་དུ་དྲག་པོའི་བཙན་འཛུལ་བྱས།


    སྔོན་ཆད་འཇའ་ཚོན་གྱི་ཟམ་པས་བཏེགས་པའི་སྐྱིད་གྲོང་།

    ནགས་ཚལ་གྱི་ལྭ་བ་གྱོན་ཅིང་སྤྲིན་དཀར་གྱི་ལ་ཐོད་བཅིངས་པའི་སྐྱིད་གྲོང་།

    བདུད་རྒན་ནག་པོ་དེའི་གདུག་རྩུབ་འོག

    ཆེས་མཐའ་འཇུག་གི་སྨྲེ་སྔགས་ཤོར།

    སྤྲིན་ནག་གིས་གནམ་རྒན་མའི་མིག་ཟུང་བསྒྲིབས་ཤིང་།

    དྲག་ཆར་གྱི་མདའ་མོ་རེ་རེས་མི་ཡུལ་གྱི་སྙིང་ཁ་གཙེས་དུས།

    བྲག་རྒན་དག་ལས་འོ་དོད་ཀྱི་བྲག་ཅ་ཡང་ཡང་འཁོར།

    རྒྱ་ལམ་ན། བྲག་རྡོ་དང་སྡོང་རྒན་གྱི་རུ་སྟར་སྒྲིག

    ཁང་ཁྱིམ་ན། འདམ་རྙོག་དང་ཆུ་སྙིགས་ཀྱི་གནས་མལ་བཅས།

    རླུང་བུ་ཁོ་ནས་གྲོག་རོང་གི་མཁའ་དབྱིངས་སུ་སྨོན་ལམ་འདེབས་བཞིན།

    རི་ལུང་ཁོ་ནས་བརྗོད་མ་ཚར་བའི་གཏམ་རྒྱུད་མང་པོ་ཞིག་བྲང་ཁར་སྦས།


    བྱམས་སེམས་དང་མི་ཆོས་ཀྱི་ཉི་མ་མཁའ་ནས་ཤར་རྗེས།

    གངས་རི་སྔར་བཞིན་སྤྲིན་སྟེང་ན་བརྗིད་ཀྱིས་འགྱིང་ངེས།

    འཇའ་འོད་སྔར་བཞིན་ཁྱེད་ཀྱི་མིག་མདུན་དུ་བག་ཡངས་ཀྱིས་ཤར་ངེས།

    འདམ་བག་འོག་གི་ལྗང་གཞོན་དག་ལས་ཀྱང་རེ་ལྟོས་ཀྱི་མཆེ་བ་གསར་དུ་འབུས་ངེས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།