ཨ་ཇོ། ནང་ལ་ལོག་ཤོག
ཨ་ཇོ། འཆི་རྒྱུ་ཟེར་བ་ཞིག་ཡོད་ནའང་ངས་ནི་མི་ཤེས། ཕལ་ཆེར་ཁྱེད་རང་ད་དུང་ངའི་འགྲམ་དུ་ལོག་མི་ཡོང་བ་དེར་ཟེར་བ་འདྲ། མི་སེམས་བཟང་ཅན་འདི་དག་གིས་ཁྱེད་རང་རྙེད་ཀྱི་རེད་ཟེར། ཁོ་ཚོས་ཉིན་མཚན་མང་པོ་བཙལ་སོང་། ཁྱེད་རང་ད་དུང་ངའི་འགྲམ་དུ་ལོག་མ་བྱུང་།
ཨ་ཇོ། ང་གཉིས་གབ་རེས་ཡིབ་རེས་རྩེ་བར་ཤིན་ཏུ་དགའ་ནའང་། ད་རེས་ཀྱི་དུས་ཚོད་འདི་ཤིན་ཏུ་རིང་། ཁྱེད་རང་གང་དུ་གབ་ཡོད། ནམ་རྒྱུན་གྱི་གབ་ས་དག་ནས་ཁྱེད་རྙེད་ཀྱི་མི་འདུག ད་ང་ལ་རྩེད་མོ་མ་རྩེ་རོགས། ང་རང་རྩེད་མོ་འདི་ལ་ཤིན་ཏུ་འཇིགས།
ཨ་ཇོ། སྐུ་མཁྱེན། ད་ནང་ལ་ལོག་ཤོག ང་ཚོའི་ཁྱིམ་དེའང་མཐོང་རྒྱུ་མི་འདུག ང་གཉིས་ཀྱི་ཉལ་ཁྲི་དེའང་མཐོང་རྒྱུ་མི་འདུག ཁྱིམ་ལ་ལོག་སའི་ལམ་དེའང་མཐོང་རྒྱུ་མི་འདུག དེ་ཚོ་ཨ་ཇོ་ཁྱེད་རང་དང་མཉམ་དུ་གབ་ཡོད་དམ། ད་ནི་ང་རང་གང་དུ་འགྲོའམ།
ཨ་ཇོ། ཁྱེད་ཀྱི་ལག་པ་དེས་ང་མ་ཁྲིད་པ་ཅི་ཡིན། ཨ་ཇོ། ཁྱེད་རང་རྡོ་ཆེན་དེའི་འོག་ཏུ་གབ་ཡོད་དམ། ཡང་མིན་ན་འདམ་བག་དེའི་ཀློང་དུ་གབ་ཡོད། བྱམས་སེམས་ཅན་གྱི་མི་དེ་ཚོས། ཁྱེད་ཀྱི་མིང་ནས་བོས་པ་གོ་མ་བྱུང་ངམ། ཁོང་ཚོས་ཁྱེད་ཀྱི་མུན་ནག་དེར་བཏང་བའི་གློག་བཞུའི་འོད་མདངས་དེ་མཐོང་མ་བྱུང་ངམ། དེ་ཚོ་མ་གོ་མ་མཐོང་ཡང་། ངའི་ངུ་ངག་ཐོས་མ་བྱུང་ངམ། ང་རང་ཁེར་རྐྱང་དུ་ལུས་པ་མཐོང་མ་བྱུང་ངམ།
ཨ་ཇོ། ངའི་སྙིང་འདི་ཆུང་ཆུང་ཡིན། ད་གབ་རེས་ཡིབ་རེས་ཀྱི་རྩེད་མོ་དེ་འདྲ་མ་རྩེ་རོགས། ཨ་ཇོ། རི་ཆུ་ས་རྡོ་འདི་དག་ལ་སྙིང་རྗེ་མེད་ཀྱང་། ཁྱེད་ཀྱིས་ང་གཅིག་པུར་མ་སྐྱུར་རོགས། ཨ་ཇོ། ཁྱེད་རང་གང་དུ་ཡིབ་ཡོད། རྡོ་ཡིས་མགོ་བོ་བཅག་པའི་གྲས་སུ་ཡིབ་བམ། ཤིང་གིས་སྙིང་ཁ་གཏོར་བའི་གྲས་སུ་ཡིབ་བམ། འདམ་གྱིས་ཁ་སྣ་བསྣུབས་པའི་གྲས་སུ་ཡིབ་བམ། ཆུ་ཡིས་ཕུང་པོ་འཁུར་བའི་གྲས་སུ་ཡིབ་བམ།
ཨ་ཇོ། ད་ནི་ནང་ལ་ལོག་ཤོག ང་རང་མ་གཞི་ནས་མུན་ནག་ལ་ཤིན་ཏུ་སྐྲག ཁྱེད་རང་མུན་པའི་ཁྲོད་དུ་མ་ཡིབ་རོགས། མི་སེམས་བཟང་ཅན་འདི་ཚོས། ང་ཚོར་ཁྱིམ་གཞིས་གསར་པ་ཞིག་སྐྲུན་སྒང་རེད། ཁྱེད་རང་ཡིབ་པར་ཤིན་ཏུ་དགའ་ན། ད་ལོག་ཤོག ང་གཉིས་ཁྱིམ་གཞིས་གསར་པའི་ནང་གབ་རེས་ཡིབ་རེས་རྩེ་བར་བྱ།
འབྲེལ་ཡོད་གསར་འགྱུར།