སྐྱིད་གྲོང་ཤུགས་རྒྱོབ།
སྐྱིད་པོ་མང་ཡུལ་གྱི་གྲོང་ལ། །
འབྲས་ལྡན་ལྗོངས་རྒྱུ་ཡི་མཚམས་སུ། །
ཞི་འཇམ་བདེ་ལྷོད་ཀྱི་ཁོར་ཡུག །
འབྱུང་བའི་བར་ཆད་ཀྱིས་གཙེས་སོང་། །
རི་རབ་འདར་སྐད་དང་སྦྲགས་ནས། །
གཙང་ཆབ་ངུ་སྒྲ་ཡང་འདོན་བཞིན། །
ཉམ་ཆུང་འགྲོ་བ་ཡི་ཚེ་སྲོག །
བཞུར་བའི་ཆུ་མོ་ལ་ཐིམ་སོང་། །
བལྟས་ན་བཟོད་ཐབས་ཀྱང་མི་འདུག །
མཐོང་ན་དངངས་སྐྲག་ལས་ཐབས་ཅི། །
མི་འདོད་བསྐོས་ཐང་གི་མདུན་དུ། །
ཞུ་བ་འཐེན་ས་ཡང་མི་འདུག །
ཁྱིམ་གྱི་ཀ་བ་དེ་འགྱེལ་སོང་། །
ཐབ་ཀྱི་མེ་དྲོད་ཀྱང་ཡལ་སོང་། །
དམར་ཆུང་སྙིང་ཁ་དེ་གས་པའི། །
སྤུན་ཟླའི་ན་ཟུག་དེ་ཚོར་བྱུང་། །
སྐྱིད་སྡུག་ལས་དབང་གི་ཐག་པ། །
ང་ཚོ་ཕན་ཚུན་ལ་འབྲེལ་ཡོད། །
མཛེས་པའི་མང་ཡུལ་གྱི་སྐྱིད་གྲོང་། །
གཏན་དུ་ཞུམ་པ་ནི་མི་སྲིད། །
རླབས་ཆེན་མེས་རྒྱལ་གྱི་དཔུང་ཡོད། །
མི་རིགས་མཐུན་སྒྲིལ་གྱི་ཤུགས་ཡོད། །
སེམས་སྡུག་སྟོབས་ཤུགས་ཀྱིས་གསོས་དང་། །
རེ་བའི་སང་ཉིན་ལ་འོད་ཡོད། །
འབྲེལ་ཡོད་གསར་འགྱུར།