དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཁྲེང་སེམས་ཟབ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2026-09-06

    བདེ་དགའི་དཔལ་ཡོན་རྫོགས་པའི་སྐྱིད་པའི་གནས། །

    ལོངས་སྤྱོད་གང་དགོས་འཛོམས་པ་ལྷ་ཡི་ཞིང་། །

    ཀུན་ནས་མཚུངས་པའི་མང་ཡུལ་སྐྱིད་གྲོང་དུ། །

    མི་འདོད་གློ་བུར་ཆུ་རུད་གནོད་འཚེས་གཙེས། །


    བརྟན་བརྗིད་གངས་རིའི་དབུ་རྩེ་ཉི་མས་བཞུར། །

    ལྷིང་འཇགས་མཚོ་མོའི་ཁ་རྟིང་རླབས་ཀྱིས་སྐྱོམས། །

    སྲ་མཁྲེགས་བྲག་གི་མཁར་རྫོང་ཆུ་ཡིས་བརྟོལ། །

    གཙང་པོའི་རྦ་རླབས་འཕྱུར་བས་རི་སྡེ་བསྣུབས། །


    བསགས་པའི་རྒྱུ་ཟས་འབྱུང་བ་ཆུ་ཡིས་ཁྱེར། །

    བཞེངས་པའི་ཁང་ཁྱིམ་འབྱུང་བ་ཆུ་ཡིས་ཁུར། །

    སྐྱེས་པའི་ཚེ་སྲོག་འབྱུང་བ་ཆུ་ཡིས་བསྣུབས། །

    མ་བསམས་རྐྱེན་ངན་ལས་ཀྱི་བར་ཆད་ཨང་། །


    བརྩེ་བའི་ཨ་ལོང་དམ་པའི་རིགས་མཐུན་དང་། །

    དུང་བ་དམངས་ལ་ཟབ་པའི་རྒྱལ་ཁབ་ཀྱིས། །

    ཤི་གསོན་སྐྱོ་བས་མནར་བའི་སྐྱིད་གྲོང་བའི། །

    རྒྱབ་སྐྱོར་དཔུང་གཉེན་མཛད་ཡོང་སྤུན་ཟླ་ཚོ། །


    སྐད་ཅིག་ན་ཟུག་དྲག་པོས་རབ་གཙེས་ཀྱང་། །

    སྐྱིད་གྲོང་ཡུལ་མི་སེམས་པ་མ་འཁྱགས་ཨང་། །

    ཐུགས་ཁུར་རྒྱབ་སྐྱོར་སེམས་གསོའི་དྲོད་ཁོལ་ཞིག །

    བྲལ་མེད་ཁྱེད་ཚོ་མཉམ་དུ་འཁྱིལ་ནས་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།