དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • རྒྱང་རིང་ནས་སྐྱིད་གྲོང་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྷ་ལུང་ཀརྨ་ཤེས་རབ།   |     སྤེལ་དུས།  2026-09-06

    ཁ་སང་གི་སྐྱིད་གྲོང་ལུང་པ་སྣུམ་ཞག་ལྟེམ་མེར་བདེ་སྐྱིད་ཀྱི་མར་ཁུ་འཁྱིལ་ནས་ཡོད། ཁ་སང་གི་སྐྱིད་གྲོང་ནི་ཐག་རིང་ནས་བལྟས་ན་གངས་རིའི་པང་དུ་བསྲིངས་པའི་གཡུ་མདོག་གི་དར་སྐུད་ཞིག་དང་འདྲ་ལ། ཉེ་ས་ནས་བལྟས་ན་རྩི་ཤིང་གི་རྒྱ་རྫོང་ཞིག་དང་གཡུ་ཡི་གཞོང་པ་ཆེན་མོ་ཞིག་དང་གཉིས་སུ་མེད། ཁ་སང་། ཡུལ་མིའི་སྔ་ལངས་ཀྱི་དུ་སྔོན་དགུང་ལ་བལ་སྐུད་ལྟར་འཐེན་ཞིང་། མི་རྣམས་ཟས་ནོར་གྱིས་བང་མཛོད་ཁེངས་ཤིང་འཚོ་བར་སྤྲོ་སྣང་གིས་ཕྱུག་ནས་ཡོད། ཡོད་ཚད་དེ་ལྟར་གནས་བཟོད་བདེ་པོའི་པང་ཁར་འཚོ་དུས། རང་བྱུང་གི་གནོད་འཚེ་འདི་འདྲ་གློ་བུར་དུ་ཐོན་ཡོང་བསམ་པ་སུའི་སྣང་བའི་ཡུལ་ལ་འཆར་སྲིད།

    གློ་བུར་ཞིག་ལ། ཆུ་རུད་ཀྱི་དགྲ་བོ་ཞིག་སྐྱིད་གྲོང་གཙང་པོའི་ལུང་གཞུང་དུ་བཙན་གྱིས་འཛུལ་ནས་ཟིང་གིས་དཀྲུགས། རྒྱ་ལམ་དག་ཆུ་ལོག་གི་རལ་གྲིས་བཅད་ཅིང་ཁང་པ་དག་འདམ་རྫབ་ཀྱི་སྙིགས་རོས་བཀང་། ལུང་པའི་ཕུ་མདར་ཆགས་པའི་རྣང་ཞིང་དག་ཀྱང་གད་བཞིན་འཕྱགས། ཆུ་རུད་ཀྱི་དགྲ་བོ། ཁྱོད་ཀྱི་ཤེད་དང་ཧམ་པ་གང་གི་ཚད་དུ་འཇོག སྔོན་ཆད་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་སྡེ་འོད་ཆེན་དེ་སྐད་ཅིག་ཙམ་ལ་ལྟ་བར་མི་བཟོད་པའི་ལུང་པ་ཞིག་རལ་ཞིག་ཏུ་གྱུར་དུས། རྒྱང་རིང་གི་ང་ཚོའི་སེམས་པའང་ཆུ་ཡིས་ཁྱེར་ཞིང་རླུང་གིས་ཁུར། གེགས་བར་ལ་སྔོན་བརྡ་ཡོད་ན་དགའ་མོད། ཐམས་ཅད་གློ་བུར་ལས་མ་འདས་པས། འུ་ཅག་གིས་ནམ་ཞག་རྒྱུན་དུ་ནས་ཐུགས་ཟོན་གནང་རོགས།

    ཆུ་རུད་ཀྱི་རྩ་བ་སྔ་ཙམ་ཆད་ནས་སྐྱིད་གྲོང་གི་སྣུམ་ཞག་སླར་ཡང་མི་ཡུལ་དུ་མངོན་རོགས། དཀའ་སྡུག་གིས་མནར་བའི་སྐྱིད་གྲོང་གི་ཡུལ་མིའི་ཞལ་རས་ལ་འཛུམ་མདངས་ཀྱི་མེ་ཏོག་སྩོལ་རོགས། མཛེས་སྡུག་ལྡན་པའི་རི་ཀླུང་དེའི་ཁ་དོག་སླར་ཡང་ང་ཚོར་གནང་རོགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།