དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྨན་སྦྱོར་ཞི་བྱེད་དྲུག་པས་མོ་ནད་ལ་ཐོན་པའི་ཕན་ནུས་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-02

    སྦྱོར་སྡེའི་སྨན་སྣ་རྣམས་འབྱོར་སླ་ཞིང་། རིན་གོང་ཆུང་བ། སྦྱོར་བཟོ་བྱེད་སླ་བས། བོད་སྨན་གྱི་སྨན་སྦྱོར་ཁྲོམ་ར་ཅན་དུ་གྱུར་ཏེ། སྨན་གྱི་སྤུས་ཚད་ལ་སྨན་པ་ཀུན་གྱིས་སེམས་ཁྲལ་བྱེད་པའི་དེང་གི་དུས་ལ་མཚོན་ན། སྨན་སྦྱོར་ཞི་བྱེད་དྲུག་པ་ནི་གཅིག་ནས་སྦྱོར་སྡེའི་སྨན་རྒྱུ་འབྱོར་སླ་ཞིང་རིན་གོང་ཆུང་བས་རིན་ཆེན་སྨན་རིགས་ལྟར་ལྷད་སྦྱོར་གྱི་སེམས་ཁྲལ་མི་དགོས་པ་དང་། གཉིས་ནས་དུག་འདོན་ལས་སྣོན་སྟབས་བདེ་བས། སྦྱོར་བ་ཚུལ་བཞིན་བྱས་ཡོད་མིན་ལ་ཡང་སེམས་ཁྲལ་དེ་ཙམ་མི་དགོས་པ། ཐ་ན་སྨན་པ་སོ་སོས་སྦྱོར་སྡེབ་བྱས་ཀྱང་ཆ་རྐྱེན་མང་པོ་མི་དགོས་པས་སྨན་སྦྱོར་བྱེད་བདེ་བ་ཞིག་ཡིན་ཞིང་། ནད་ཐོག་ཕན་ནུས་ངོས་ནས་བརྗོད་ན་སྤྱོད་གོ་ཆེ་ལ། ཕན་ནུས་མྱུར་བ། ཞོར་སྐྱོན་ཆུང་བས། ཞི་བྱེད་དྲུག་པ་ཨེམ་ཆིའི་ཕྱེ་རྐྱལ་ཡིན་ཞེས་པའི་གཏམ་དཔེའང་དོན་ལ་གནས། རྩོམ་ཡིག་འདིའི་ནང་རང་ཉིད་ཀྱི་ནད་ཐོག་ལག་ལེན་ངོས་ནས་ཞི་བྱེད་དྲུག་པས་མོ་ནད་ལ་ཕན་ནུས་ཐོན་ཚུལ་སྐོར་ཅུང་ཟད་གླེང་བར་བྱ་སྟེ།

    དང་པོ། ཞི་བྱེད་དྲུག་པའི་སྦྱོར་བའི་འབྱུང་ཁུངས།

    ཞི་བྱེད་དྲུག་པའི་སྨན་སྦྱོར་གྱི་ཁུངས་གསལ་པོ་ཞིག་གསོ་རིག་མཁས་པ་ཚོས་བསྟན་པ་མ་མཐོང་རུང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་སྡུད་པོད་བདུད་རྩིའི་གཏེར་སྒྲོམ་ལས། ཞི་བྱེད་དྲུག་གི་སྦྱོར་བའི་སྟེང་། སྟར་བུ་དང་ནི་སྦྲུལ་གྱི་ཤ། །རྒྱ་ཚ་སྡིག་སྲིན་འོལ་སེ་བ། །ཞི་བྱེད་བཅུ་གཅིག་ཅེས་སུ་གྲགས། །ཕན་ཡོན་མོ་ནད་ཁྲག་སྐྲན་བཤིག །བུ་དང་ཤ་མ་རྫོགས་པར་འབྱིན། །ཁྱད་པར་བཙས་རྗེས་མོ་ནད་ལ། །འདི་ལས་ལྷག་པའི་གདམས་པ་མེད། །ཇོ་མོ་སྨན་མོའི་ཕྱག་བཞེས་ཡིན། །ཤིན་ཏུ་ཟབ་བོ་ཐུགས་ལ་ཆོངས། །ཞེས་བསྟན་ཡོད་པ་ལས་རིགས་འདེད་ཀྱིས་ཞི་བྱེད་བཅུ་གཅིག་སྦྱོར་བའི་རྨང་གཞིར་གྱུར་བའི་ཞི་བྱེད་དྲུག་པ་དེ་ཇོ་མོ་སྨན་མོས་མཛད་པར་འདོད་དེ། ལྷ་མོ་སྐྱིད་ཀྱིས་བསྒྲིགས་པའི་《བོད་ཀྱི་གསོ་རིག་སྐོར་གྱི་ཤེས་བྱའི་དྲིས་ལན་བློ་གསལ་ཉེར་མཁོ》་ལས། ཞི་བྱེད་བཅུ་གཅིག་གི་གཞི་རྩའི་སྨན་སྦྱོར་ནི་ཞི་བྱེད་དྲུག་པ་ཡིན་ལ། འདི་ནི་ཇོ་མོ་སྨན་མོའི་ཕྱག་བཞེས་ཡིན་ཞེས་བྲིས་ཡོད། གལ་ཏེ། ཇོ་མོ་སྨན་མོའི་ཕྱག་བཞེས་ཡིན་ན། ཁོང་ནི་གླིང་རས་པའི་གསང་ཡུམ་གནང་མྱོང་བའི་དུས་སྐབས་ཀྱི་མི་ཡིན་པ་དང་། དུང་དཀར་ཚིག་མཛོད་དུ། རབ་བྱུང་བཞི་པའི་ས་སྤྲེལ་སྤྱི་ལོ་1248ལ་འཁྲུངས་པ་དང་། སྤྱི་ལོ་1283ལོར་འདས་པར་བསྟན་ཡོད་པས། ཞི་བྱེད་པའི་སྨན་སྦྱོར་དེ་ཉིད་ཇོ་མོ་སྨན་མོས་མཛད་པ་ཡིན་ན། ད་བར་ཉུང་མཐར་ལོ་ངོ་782ཙམ་སོང་ཡོད། གཞན་གཙང་སྟོད་དར་མ་མགོན་པོས། ཞི་བྱེད་དྲུག་པའི་ཁ་ཚར་ལག་ལེན་གྱི་སྦྱོར་བ་ཞི་བྱེད་ཉེར་དགུ་ཞེས་པ་ཡོད་སྐད་ལྟར་ན། ཇོ་མོ་སྨན་མོའི་དུས་ཀྱི་ལོ་བརྒྱའི་གོང་ནས་ཞི་བྱེད་དྲུག་པའི་སྦྱོར་བ་ཡོད་པ་ཤེས་ཐུབ།

    གཉིས་པ། མོ་ནད་ལ་བེད་སྤྱོད་བྱས་པའི་ནད་ཐོག་ཕན་ནུས།

    ཞི་བྱེད་དྲུག་པ་ནི་ཐུར་སེལ་རྒྱུ་བ་ལོག་པ་དང་། བུ་དང་ཤ་མ་མ་ཐོན་པ་སོགས་ལ་ཕན་པ་གཞུང་གི་དངོས་བསྟན་ཡིན་པ་བཞིན་དང་པོ་ཟླ་མཚན་མི་འབབ་པ་དང་། ཟླ་མཚན་འབབ་ཉུང་བ། ཟླ་མཚན་དུས་སུ་མི་འབབ་པ། ཟླ་མཚན་འགག་པ་སོགས་ཀྱིས་རྐྱེན་པས་རྐེད་པ་རྒྱུ་ཞབས་ན་བ། ཕོ་བ་སྦོས་པ། ཟས་ལ་ཞེན་ཁ་ལོག་པ་བཅས་དེང་སྐབས་ཕྱི་ལུགས་གསོ་རིག་གིས(痛经)ཞེས་སུ་འབོད་པའི་ནད་ལ་རང་ཉིད་ཀྱི་ནད་ཐོག་ལག་ལེན་ནང་ཕན་ནུས་མངོན་གསལ་དོད་པའི་ར་འཕྲོད་ཐུབ་བྱུང་ལ། དེ་མིན་ཟླ་མཚན་འགྱིང་འདྲིལ་རྐྱེན་གྱིས་བསླངས་པའི་རོ་སྟོད་གཟེར་བ་དང་། ཟས་ལ་དང་ཁ་མེད་པ། ཟླ་མཚན་རྒྱུན་རིང་བབས་མྱོང་མེད་པ་སོགས་མོ་ནད་ཁྲག་ཚབས་ཀྱི་ནད་རིགས་གཞན་དག་ལ་ཡང་ཕན་ནུས་མངོན་གསལ་ལྡན། གཉིས་པ་བྱིས་པ་བཙའ་རྟགས་དངོས་སུ་བསྟན་པའི་དུས་སུ་མངལ་ཁ་འབྱེད་པ་དང་། ཐུར་སེལ་རླུང་གི་ཤུགས་བསྐྱེད་པ། ཤ་མའི་ཆ་ཤས་མི་ལུས་པར་ཕྱིར་འབྱིན་པ་སོགས་བྱིས་པ་བདེ་བླག་ཏུ་བཙའ་རྒྱུར་ཡང་ཕན་ནུས་ཆེན་པོ་ལྡན།

    དེ་ཡང་སྐབས་བསྟུན་ནད་ཀྱི་ཁྱད་ཆོས་དང་། ན་ལུགས་སོགས་ལ་བསྟུན་ནས་ཞི་བྱེད་དྲུག་པའི་སྦྱོར་བའི་སྟེང་དུ་ཁྱུང་ལྔ་བསྣན་པའི་ཞི་ཁྱུང་དང་། ཞི་བྱེད་དྲུག་པ་དང་། གསེར་མདོག་ལྔ་པ་མཉམ་བསྲེས་ཀྱི་ཞི་གསེར། ཞི་བྱེད་དྲུག་པ་དང་རུ་རྟ་དྲུག་པ་མཉམ་བསྲེས་ཀྱི་རུ་ཞི། ཞི་བྱེད་དྲུག་པ་དང་ཨ་རུ་བདུན་པ་མཉམ་བསྲེས་ཀྱི་ཨ་ཞི། ཞི་བྱེད་དྲུག་པ་དང་བྱི་ཏང་བདུན་པ་མཉམ་བསྲེས་ཀྱི་ཞི་བྱི། ཞི་བྱེད་དྲུག་པ་དང་ཏིག་ཏ་བརྒྱད་པ་མཉམ་བསྲེས་ཀྱི་ཞི་ཏིག་བཅས་སྐབས་བསྟུན་བཏང་ན་འགྲིག་པ་ཡིན།

    གསུམ་པ། ཞི་བྱེད་དྲུག་པའི་སྦྱོར་བའི་སྟེང་དུ་སྨན་སྣ་གཞན་དག་བསྣན་པའི་ནད་ཐོག་ཕན་ནུས།

    ཞི་བྱེད་དྲུག་པའི་སྦྱོར་བའི་རྨང་གཞིའི་སྟེང་དུ་སྨན་སྣ་གཞན་དག་བསྣན་པའི་ཁྲོད་ནས་ཞི་བྱེད་བཅུ་གཅིག་ནི་ཇོ་མོ་སྨན་མོས་གསར་དུ་སྦྱོར་སྡེ་གནང་བ་ཞིག་ཡིན་པ་དང་། དེ་ཡང་ཞི་བྱེད་དྲུག་གི་སྦྱོར་བའི་སྟེང་དུ་སྟར་བུ་དང་། སྦྲུལ་ཤ། རྒྱ་ཚ། སྡིག་སྲིན། འོལ་མོ་སེ་བཅས་སྨན་སྣ་ལྔ་བསྣན་པའི་སྦྱོར་བ་དེ་ཡིན་ལ། ཀུན་གྱིས་ནད་ཐོག་ལག་ལེན་ནང་བེད་སྤྱོད་བཏང་ཞིང་། ཡོངས་གྲགས་སུ་གྱུར་པའི་སྨན་སྦྱོར་ཞིག་ཡིན། དེ་མིན་དངོས་གཞིའི་ནད་གཞིར་དམིགས་ཏེ་ཞི་བྱེད་དྲུག་པར་ཁ་བསྒྱུར་གྱི་སྦྱོར་བ་མང་དུ་ཡོད་པ་ལས། སྐབས་བསྟུན་མོ་ནད་ལ། ཞི་བྱེད་དྲུག་པར་ཤིང་མངར་བསྣན་པས་བཙས་རྗེས་ཁ་ཟས་སྐྱུག་པར་ཡང་ཕན་པ། ཞི་བྱེད་དྲུག་སྟེང་ཀོ་བྱི་ལ་དང་ཨར་ནག་བསྣན་པ་མོ་ནད་ཁྲག་ཚབས་རྐྱེན་གྱིས་རོ་སྟོད་གཟེར་བ། ཞི་བྱེད་དྲུག་སྟེང་སྦྲུལ་ཤ་དང་། སྟར་བུ་བསྣན་པས་བུ་དང་ཤ་མ་མི་ཐོན་པར་ཕན་ནུས་ལྷག་ཏུ་ཆེ་བ། དེ་མིན་མོ་ནད་རླུང་ཚབས་དང་ཁྲག་ཚབས་ཀྱི་རྐྱེན་པས་སྙིང་གཟེར་ནད་ལ་ཡང་ཇི་སྐད་དུ། ཐུར་སེལ་གྱེན་དུ་ལོག་པ་ལ། ཨར་བརྒྱད་དང་ནི་ཞི་བྱེད་བསྟེན། །ཞེས་གསལ་བ་ལྟར་ཨ་གར་བརྒྱད་པ་དང་ཞི་བྱེད་དྲུག་པ་མཉམ་བསྲེས་བྱེད་པའམ་ལྟག་པ་སྤྲད་ནས་གཏོང་བ། མོ་ནད་རླུང་ཚབས་ནད་ཀྱི་སྟོད་འཚང་ཤུགས་ཆེ་ན་ཞི་བྱེད་དྲུག་སྟེང་ཀོ་བྱི་ལ་བསྣན་པ་སོགས་སྐབས་ཐོབ་ནད་ཀྱི་ཁྱད་ཆོས་དང་བསྟུན་ནས་གནས་སའི་ནད་ཀྱི་སྨན་དང་ཞི་བྱེད་དྲུག་པ་ལྟག་པ་སྤྲད་ནས་གཏོང་བ་སོགས་ནད་ཐོག་ལག་ལེན་ལ་བེད་སྤྱོད་བྱེད་ཆོག་པ་ཡིན།

    དེ་ལྟར་རང་ཉིད་ལོ་མང་རིང་གཞི་རིམ་གྱི་སྨན་དང་སྨན་པ་དཀོན་སར་བསྡད་ཅིང་། ནད་ཐོག་ལག་ལེན་ཁྲོད་སྨན་སྦྱོར་མང་པོ་ལག་ཏུ་མ་འབྱོར་བའམ། རྣམ་གྲངས་ཤིན་ཏུ་མང་བའི་བོད་སྨན་གྱི་སྦྱོར་བ་གཞན་རྣམས་ཀྱི་ཕན་ནུས་བློ་རུ་མ་ངེས་པ་དང་། ནད་ཐོག་ལག་ལེན་ནང་བཀོལ་སྤྱོད་ཚུལ་བཞིན་མ་ཐུབ་པའི་དུས་སུ་ཞི་བྱེད་དྲུག་པ་ནི་ཞོར་སྐྱོན་ཆུང་ཞིང་། ཕན་ནུས་ཐོན་སླ་བ། ལྷག་པར་དུ་གཞི་རིམ་མང་ཚོགས་ཁྲོད་དུ་རྒྱུན་མཐོང་གི་ཟླ་མཚན་དུས་སུ་མི་འབབ་པ། ཟླ་མཚན་ཁྲག་སྐྲན་དུ་འདྲིལ་བ། བཙས་རྗེས་བུ་དང་ཤ་མ་མི་ཐོན་པ་སོགས་ཀྱི་ནད་ཐོག་ལག་ལེན་ཁྲོད་ཞི་བྱེད་དྲུག་པ་ཁོ་ན་བློ་ལ་ངེས་ཤིང་། རྒྱུན་སྤྱོད་བྱས་པའི་མྱོང་བ་ཙམ་གླེང་བ་ཡིན་ཞིང་། དེ་ལ་འགལ་འཁྲུལ་གྱི་ནོངས་པ་ཅི་ཡོད་བཟོད་གསོལ་ཞུ་རྒྱུ་ཡིན།

    (ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྨན་རྩིས་ཁང་། ཟླ་བ་སྒྲོལ་མ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།