སྐྱིད་པའི་ཉི་མ་སླར་ཡང་འཆར་ངེས་རེད།
—— ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་སྐྱིད་གྲོང་གི་སྤུན་ཟླ་ཚོར་ཕུལ།
སྙིང་རྗེའི་གཡའ་ཙམ་མེད་པའི་གློ་བུར་གློ་བུར་བའི་རང་བྱུང་གི་འཇིགས་པས། ཁྱེད་ཚོའི་བདེ་སྐྱིད་ཀྱི་གནས་ཁང་དྲོན་མོ་མི་ཉུང་བ་ཞིག་ཁྱུར་མིད་བཏང་བས། ཐབ་ཀྱི་མེ་ཁ་རང་སར་ཞི་ཞིང་། དགོད་སྒྲས་ཁྱབ་པའི་གོ་ཁ་དྲོན་མོ་གྲང་ཅང་ཅང་དུ་གྱུར། ད་དུང་། བདག་གི་སྙིང་ནས་གཅེས་པའི་སྤུན་ཟླ་བྱམས་སེམས་ཅན་མི་ཉུང་བ་ཞིག་གི་ཚེ་སྲོག་ལ་སྙིང་རྗེ་མེད་པའི་འཆི་བདག་གི་ཞགས་པ་བསྐོན་སོང་། ཀྱེ་མ་ཀྱི་ཧུད། ཁོང་ཅག་གིས་ཡང་སྙིང་ཅི་ཞིག་ཉེས་སམ། འདི་ལྟ་བུའི་འཇིགས་དངངས་ཀྱི་རྣམ་པ་དེ་བྱམས་དང་སྙིང་རྗེས་འཚོས་པའི་སྤུན་ཟླ་དག་གི་མགོ་ཐོག་ཏུ་ལྷུང་དུས། མིག་ལྡན་སྐྱེ་བོ་སུ་ཞིག་གིས་མཐོང་རུང་། སྙིང་ཆུང་དམར་པོ་སྡུག་གི་ཁུར་པོས་མནན་ཞིང་། ཁྲ་ཆུང་མིག་ཟུང་ཡང་མཆི་མས་མ་བརླན་མཁན་སུ་ཞིག་ཡོད་ཨང་།
སྤུན་ཟླ་ལགས། ཁྱེད་ཅག་སེམས་སྡུག་མ་གནང་། ཁྱེད་ཀྱི་མཚན་ལ་སྐྱིད་པའི་ཡུལ་ལུང་ཞེས་པའི་མཚན་སྙན་ཐོགས་པ་ནས་བཟུང་། ང་ཚོས་ཁྱེད་ཀྱི་པང་དུ་རྡོག་གྲལ་སྒྲིག་པོས་དགའ་བའི་བྲོ་གར་མཉམ་དུ་འཁྲབ་མྱོང་ཅིང་། སྙན་པའི་གླུ་དབྱངས་ལྷན་དུ་བླངས་པ་གྲངས་མེད་ཡིན་པས། ཁྱེད་ཅག་གི་སྡུག་གི་མུན་པ་མ་སངས་བར་དུ་ང་ཚོས་བརྩེ་སེམས་ཀྱི་ལག་ཟུང་ཅིས་ཀྱང་གློད་མི་སྲིད།
སྤུན་ཟླ་ལགས། ཁྱེད་ཅག་སེམས་སྡུག་མ་གནང་། ཡིད་མ་སྐྱོ། དཔའ་མ་ཞུམ། ཁྱེད་ཀྱི་རྒྱབ་ཏུ་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་དམར་པོའི་རྒྱབ་རྟེན་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་དབུས་སུ་དབུ་འཕང་དགུང་ལས་མཐོ་བའི་རླབས་ཆེན་མེས་རྒྱལ་ཡོད་པས། ཁྱེད་ཅག་དཀའ་སྡུག་གི་གནས་ལས་གང་མགྱོགས་ཐར་ངེས་ཡིན།
སྤུན་ཟླ་ལགས། ཁྱེད་ཀྱིས་སྤྱན་ཟུང་དལ་མོར་ཕྱེ་ནས་གཟིགས་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཀོད་དང་ས་གནས་ཁག་གི་གཅིག་འགྱུར་བཀོད་སྒྲིག་འོག མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་པ། མེ་གསོད་རུ་མི་སོགས་ཀྱིས་ང་ཤོར་ཁོ་ཤོར་ངང་དུས་ཚོད་དམ་འཛིན་གྱིས་ཁྱེད་ཅག་གི་གམ་དུ་བཅར་གྱིན་འདུག འབྲེལ་བ་ཆད་པའི་མི་སྣ་འཚོལ་བ་དང་ཉེན་ཁ་འཕྲད་པའི་མི་སྣ་གནས་སྤོའི་ལས་ལ་བྲེལ་བཞིན་འདུག ད་དུང་ཕྱོགས་བཞི་མཚམས་བརྒྱད་ནས་རྒུད་སྐྱོབ་དངོས་ཟོག་སྐྱེལ་མཁན་གྱི་རླངས་འཁོར་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱེད་ཅག་དང་ཉེ་བར་བཅར་བ་གཟིགས་བྱུང་ངམ།
བདག་གི་བརྩེ་བའི་སྤུན་ཟླ་ལགས། རང་བྱུང་གི་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས་ཡོད། ད་ལྟ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་མང་པོས་གཏོང་ཕོད་ཆེ་བའི་ཕྱག་ཟུང་དྲོན་མོ་ཁྱེད་ཅག་གི་ཕྱོགས་སུ་བསྲིངས་དང་སྲིང་བཞིན་འདུག་པས། ཁྱེད་ཅག་ཐུགས་སེམས་མ་སྐྱོ་རོགས། ཡིད་སེམས་མ་ཞུམ་རོགས།
བརྩེ་བའི་སྤུན་ཟླ་ལགས། རླབས་ཆེན་ཏང་གི་ཡང་དག་དབུ་ཁྲིད་དང་སྤུན་ཟླའི་ཞིང་ཆེན་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག སྡུག་གི་མུན་པ་གང་མགྱོགས་སངས་ནས་སྐྱིད་པའི་ཉི་མ་ཤར་ངེས་ཡིན་ཞིང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དྲོན་མོ་གང་མགྱོགས་བསྐྱར་སྐྲུན་ཐུབ་ངེས་ཡིན་པས། ཐུགས་སེམས་མ་སྐྱོ་རོགས། སྐྱིད་གྲོང་བ། བདག་གི་སྤུན་ཟླ་ལགས།
འབྲེལ་ཡོད་གསར་འགྱུར།