དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྱིད་གྲོང་གི་སྤུན་ཟླ་ལགས། སེམས་ཤུགས་ཉམས་པ་མ་གནང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-30

    གློ་བུར་དུ་ཐོན་པའི་རང་བྱུང་གི་གནོད་འཚེ་ཞིག་གིས།

    ངའི་མིག་མཐའ་མཆི་མས་བརླན་སོང་།

    ངའི་མགྲིན་པ་ཡོངས་སུ་བརྣངས་བྱུང་།

    ངའི་སྣ་ཁུང་ཟུང་ལ་ན་ཟུག་བཏང་བྱུང་།

    གཅན་གཟན་གཏུམ་པོ་ཞིག་དང་འདྲ་བའི།

    ཆུ་རུད་ཀྱི་མཆེ་སྡེར་རྣོན་པོས།

    ཞོ་ལྟར་ཆགས་པའི་གཡུ་གཞོང་སྐྱིད་གྲོང་གི་ལང་ཚོ་ལ།

    སྦར་ཤད་ལན་གཅིག་བརྒྱབ་སོང་།

    རང་བྱུང་གི་ཆག་སྒོ་དེས།

    ངའི་རྒྱུས་མངའ་ཆེ་བའི་ཁང་ཁྱིམ་གྱི་སྒོ་མོ།

    ས་ཡིས་སྦས་ཤིང་ཆུ་ཡིས་བསྣུབས་སོང་།

    མཛེས་པའི་སྐྱིད་གྲོང་ལུང་ཤུར་གྱི།

    ཞོགས་པའི་ལྷིང་འཇགས་དཀྲོགས་སོང་།

    ནམ་རྒྱུན་སྤྲོ་སྣང་གིས་ཕྱུག་པའི་ཞིང་ས་དེར།

    ལོ་ངོ་སྟོང་གི་ཉོ་ཚོང་དང།

    ཡུལ་སྐོར་བའི་ཞབས་རྗེས་ཡོད།

    མཐའ་མཚམས་ཀྱི་མཚན་མོའི།

    མེ་ཕུང་གི་སྒོར་གཞས་ཡོད།

    ཞི་བདེ་ལྷིང་འཇགས་ཀྱི་དུས་ཚོད་ནང་།

    དངུལ་གྱི་ལག་གདུབ་འཕྲད་པའི་སྒྲ་དབྱངས་སྙན།

    འོན་ཀྱང་།

    བར་མཚམས་མ་ཆད་པའི་དྲག་ཆར་གྱིས།

    རི་བྲག་གི་ཁོག་པ་བརྒྱངས་ནས་བྲང་ཁ་དབྲལ།

    འདམ་རྙོག་གི་རྦ་ཀློང་ཆེན་པོས།

    ལྷིང་འཇགས་ཀྱི་རྨི་ལམ་ཁད་ཀྱིས་དཀྲོགས།

    སྐྱིད་གྲོང་གི་སྤུན་ཟླ་ཚོ།

    སེམས་ཤུགས་མ་ཉམས་རོགས།

    སྐྱོ་གདུང་གིས་ཁྱེད་ཚོའི་སྒལ་ཚིགས་གུག་ཏུ་འཇུག་མི་རུང་།

    རོགས་སྐྱོབ་ཀྱི་དཔུང་གཉེན།

    ཁྱེད་ཚོའི་ཕྱོགས་སུ་བསྐྱོད།

    འཇམ་མཉེན་གྱི་ཕྱག་ཟུང་རེ་རེས།

    ཚེ་སྲོག་གི་རྒྱུན་ཐག་བསྲིངས་ནས།

    གུད་ཆག་གི་ཞིག་རོའི་སྟེང་དུ།

    མི་རིང་བར་མྱུ་གུ་གསར་པ་འབུས་ངེས།

    ཆར་ཡན་ཆད་ཅིང་།

    རླུང་ངན་འཇགས་རྗེས།

    རི་སྔོན་ཆུ་དྭངས་སླར་ཡང་ང་ཚོར་དབང་ངེས།

    སྐྱིད་གྲོང་གི་སེམས་ཤུགས་ཀྱིས།

    ས་མཐོའི་སྙིང་རུས་མཚོན།

    ཁྱེད་ཚོའི་ངར་ཤུགས་ལས།

    ས་མཐོའི་གདེང་སྤོབས་མངོན།

    སྐབས་འཕྲལ་གྱི་མུན་ནག་གིས།

    དྲིན་ཆེན་ཉི་མའི་བྱོན་ལམ་འགོག་པར་མི་ནུས་པས།

    ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས།

    སྐྱིད་གྲོང་གི་མཛེས་སྡུག་ལྡན་པའི་ཞལ་རས་བསྐྱར་གསོ་དང་།

    འཚོ་བ་གསར་པའི་རྣམ་པ་མུ་མཐུད་བཞེངས་པས་ཆོག

    དེས་ན། སེམས་ཤུགས་མ་ཉམས་རོགས།

    སྐྱིད་གྲོང་བ། ང་ཡི་སྤུན་ཟླ་ལགས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།