སྐྱེད་མའི་འགྲམ་པ།
རབ་རིབ་ཀྱི་བྱིས་པའི་དུས་ན།
སྐྱེད་མས་བདག་ལ་འགྲམ་པ་ཡང་ཡང་སྦྱར་མྱོང་།
རྡུལ་འཚུབ་འཚུབ་ཀྱི་སྐྱེད་མའི་འགྲམ་པ་དེ།
ང་རང་གི་དྲན་སྣང་དུ་ཚ་སོབ་སོབ་ཅིག་ཡོད།
མི་ལོ་སུམ་ཅུ་ལྷག་ཡུད་ཙམ་ངང་འདས་སོང་།
ཚ་སོབ་སོབ་ཀྱི་སྐྱེད་མའི་འགྲམ་པ་དེ།
ང་རང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ།
རིམ་བཞིན་བདག་གི་དྲན་སྣང་ཁོ་ནའི་ཀློང་དུ་ཐིམ།
དེ་རིང་། གངས་རིའི་ར་བ་ནས་ཐོན་ཉུང་བའི་ང་རང་།
ཐག་རིང་ཡོ་རོབ་ཏུ་འགྲོ་གཏན་འཁེལ་སྐབས།
ཕ་ཡུལ་གྱི་རི་གྲོང་ན་གནས་པའི་སྐྱེད་མས།
དེ་སྔ་བྲལ་མ་མྱོང་བའི་རྡོ་ཁང་གི་སྒོ་མོ་ནས་ཐོན་ཏེ།
འཁར་བ་དང་འགྲོགས་ནས་ང་རང་གི་མདུན་དུ་ཕེབས།
འཚོ་བའི་འཕྲང་ལམ་རིང་མོ་འགྲིམས་ནས་འོང་བའི་སྐྱེད་མས།
ཡིད་ཤིན་ཏུ་མི་བདེ་བའི་ངང་།
བདག་ལ་འགྲམ་པ་ཡུན་རིང་སྦྱར་ཞིང་།
སྐྱུར་ཅང་ཅང་གི་ཆུ་རྒྱུན་ཞིག
སྙིང་རྩེ་ནས་བདག་གི་ངོ་སྟེང་དུ་གཏོར།
མ་གཞི། མི་ཚེའི་དགའ་སྐྱོ་བཀོད་པའི་སྐྱེད་མའི་ངོ་གདོང་།
ད་ལྟ་ཀོ་བ་སྐམ་པོ་ལྷེབ་ཙམ་དང་འདྲ་མོད།
འོན་ཀྱང་། ཚ་སོབ་སོབ་ཀྱི་དྲོད་སྣང་དེ་མ་ཡལ་ལ།
ཚ་སོབ་སོབ་ཀྱི་ཚོར་སྣང་དེ་ཡང་མ་བརྗེད་པས།
མགྲིན་པར་མདུད་པ་ཐེབས་པའི་ང་རང་།
སླར་བྱིས་པའི་དུས་རབས་སུ་ལོག་སྟེ།
མི་ལོ་སུམ་ཅུ་ལྷག་བསྐམས་པའི་མིག་ཆུའི་མཚོ་མོ།
ད་ལྟ་སླར་ཡང་ལུད་བྱུང་།
འབྲེལ་ཡོད་གསར་འགྱུར།