མཆིལ་པའི་གླེང་མོལ།
ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་སློབ་གྲྭའི་ཁོ་ར་ཁོར་ཡུག་ཀུན་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁྲ་རྒྱན་བཏབ་པས། སྤུ་སྡུག་འདབ་ཆགས་རྣམས་ཀྱང་སྔོ་ལྗང་ལྗོན་ཤིང་གི་རྩེ་ནས་ཀྱུར་ཀྱུར་སྐད་སྙན་སྣ་ཚོགས་འབྱིན་བཞིན་ཕར་འཕུར་ཚུར་འཕུར་གྱི་ལས་ལ་བྲེལ་བཞིན་མཆིས།
གློ་བུར་དུ་སྔོ་བསངས་ལྷ་ལམ་ཡངས་པོར་སྤྲིན་ནག་འཁྲིགས་ནས་གསེར་མདོག་གི་ཉི་མའི་བཞིན་རས་ཀྱང་འགྲིབ་ཅིང་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་པས། ལྗོན་ཤིང་གི་ཡལ་གའི་སྟེང་དུ་གནས་པའི་མཆིལ་པ་མ་བུ་གཉིས་ཀྱི་སེམས་ལ་ད་ནི་དེ་མ་ཉིད་དུ་ཆར་པ་འབབ་ངེས་རེད་སྙམ་སྟེ་སྐད་ཅིག་སྐད་ཅིག་ལ་གཤོག་ཟུང་རྡེབ་བཞིན་བྲེལ་རྟབ་ཀྱིས་ཆར་གཡོལ་བྱེད་སའི་གནས་ལེགས་པོ་ཞིག་འཚོལ་བར་ཕྱིན། ཏག་ཏག་མ་བུ་གཉིས་ཁ་སྔོན་རྒུམ་འབུ་འཐུ་བར་འགྲོ་མྱོང་སའི་འཁྲིས་ཀྱི་སློབ་མའི་ཟ་ཁང་གི་སྒོ་ཕྱེ་ཡོད་པ་མཐོང་སྟེ་དེ་མ་ཐག་ནང་དུ་འཕུར་ཕྱིན།
ཁོ་གཉིས་ཟ་ཁང་དུ་སླེབས་མ་ཐག་ཏག་ཏག་ཕྱི་ལོགས་སུ་དྲག་ཆར་ཆུ་བཤོས་པ་ལྟར་ཤག་ཤག་ཏུ་བབས་པས། ཡུད་ཙམ་ཞིག་ལ་གང་སར་ཆར་ཆུ་འཁྱིལ། ཟ་ཁང་ནང་སློབ་གྲྭ་འདི་གའི་སློབ་མ་བྱིངས་རྣམས་ཉིན་གུང་གི་ཁ་ལག་བཟས་ཚར་ནས་མ་བྱན་གྱི་བཀོད་སྒྲིག་འོག་གད་རེས་ཡིན་པའི་སློབ་མ་འགའ་ཞིག་གད་ཕྱིས་རྒྱག་རྩིས་བྱེད་བཞིན་པ་མཐོང་།
དེ་ལྟར་མཆིལ་པ་མ་བུ་ཟུང་ས་སྟེང་དུ་བབས་ནས་མིག་ཟུང་ཕྱོགས་བཞིར་ལྟ་སྐབས། སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་འོག་ཏུ་ཉིན་གུང་སློབ་མ་ཚོས་བཟས་པའི་ཤ་སྟི་ག་དང་། འབྲས་རྡོག ད་དུང་ཚལ་རིགས་སོགས་ཟས་ལྷག་མང་པོ་བསྐྱུར་ཡོད་པ་མཐོང་བས། དེ་ལྟར་མཆིལ་པ་བུ་དེ་ཧང་སངས་ནས་རང་གི་ཨ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྭ་ཡེ་གསོན་དང་ང་ཡི་ཨ་མ་ལགས། །ཁ་ལ་ཉན་པའི་བུ་ཡི་གཏམ་ལ་གསོན། །ག་ས་གང་དུ་བསྐྱུར་བའི་ཟས་རིགས་དག །ང་ཚོའི་ལོ་ངོ་མང་པོའི་ཁ་ཟས་འདང་། །ཞེས་བརྗོད་པས། མཆིལ་པ་ཨ་མས་བུ་ལ། ཅ་གས་གཅེས་སྐྱོང་གྲོན་ཆུང་བྱེད་དགོས་ཀྱང་། །ཆ་མེད་ལུགས་མེད་འཕྲོ་བརླག་གཏོང་ཚུལ་འདིས། །ཇ་རྐྱང་སྤགས་རྐྱང་འཚོ་བའི་ལོ་ཟླ་དག །ཉ་མ་འདི་ཚོས་ཡེ་ནས་མི་ཤེས་འདྲ། །ཞེས་བཤད། དེ་ལྟར་གད་རེས་རྣམས་ཀྱིས་གད་ཕྱིས་རྒྱག་འགོ་ཚུགས་པས། མཆིལ་པ་མ་བུ་གཉིས་ཀྱི་སེམས་ལ་ད་ནི་གོ་སྐབས་དམ་འཛིན་བྱས་ཏེ་ཟས་རིགས་དག་ལས་གྲོད་ཁོག་རྒྱགས་པ་ཞིག་ཟ་མ་ཐུབ་ཚེ། ཟས་རིགས་དག་གད་སྙིགས་བླུགས་སྒམ་དུ་བླུག་ངེས་རེད་སྙམ་སྟེ་མ་གྲོས་གཅིག་མཐུན་ངང་མགོ་བོ་བསྒུར་ནས་ཕྲ་ཞིང་རྣོ་བའི་མཆུ་ཏོས་ཟས་རིགས་དག་བདེ་ལྕག་འཁྱུག་པོས་ཟ་བར་བྲེལ།
ཕལ་ཆེར་དུས་ཚོད་སྐར་མ་ཉི་ཤུ་ཙམ་གྱི་ཡུན་ལ། ཁོ་གཉིས་ཀྱིས་མིག་ཟུང་གྲུང་པོ་དང་བདེ་ལྕག་འཁྱུག་པོས་རྣོ་ལ་ཆུང་བའི་མཆུ་ཏོས་ཟས་རིགས་དག་གང་ཐུབ་ཅི་ཐུབ་ཀྱིས་མིད་པ་བརྒྱུད་ཁོག་པའི་ནང་དུ་བརྫངས་པས། ད་གཟོད་མ་བུ་གཉིས་ཀ་གྲོད་ཁོག་ལྡིར་ལྡིར་ཆཊ།
ཁོ་གཉིས་ཀྱིས་སླར་ཡང་གླེང་མོལ་བྱེད་འགོ་བརྩམས། མཆིལ་པ་ཨ་མས་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཏ་ཟིག་ལ་སོགས་རྒྱལ་ཁམས་བསྐོར་ན་ཡང་། །ཐར་ཐོར་རྒྱགས་ཕྱེད་ལྟོགས་ཕྱེད་འཚོ་བ་བསྐྱལ། །ད་རེས་སྟེས་དབང་གོ་སྐབས་བཟང་པོ་ཡི། །ན་རྒས་ང་ལའང་ཞིམ་དགུའི་ཟས་སྐལ་ཐོབ། །ཅེས་བརྗོད་ནས། རང་གི་བུ་ལ་ཁ་ཟས་ཀྱི་བྲོ་བ་ཅི་འདྲའི་ཞིམ་པོ་ཡོད་མེད་སྐོར་ལ་སྐད་ཆ་དྲིས་པས། ཁོས་ཀྱང་རང་ཉིད་འཇིག་རྟེན་མི་ཡུལ་དུ་བསླེབས་ནས་ད་བར་དུ་འདི་ལྟ་བུའི་ཁ་ཟས་ཞིམ་པོ་ཞིག་དང་གྲོད་ཁོག་རྒྱགས་པ་ཞིག་ལ་རོལ་རྒྱུ་མ་བྱུང་ཞེས་བརྗོད་ནས་སླར་ཡང་འདི་སྐད་དོ། །པ་ཕ་ཨ་མས་གསོས་པ་འདྲ་ན་ཡང་། །ཕ་ཡུལ་བཞག་ནས་ཡོང་བའི་བྱིས་པ་ཚོས། །བག་མེད་ཁོ་ནས་གྲོན་ཆུང་མ་བྱས་པར། །མ་ནས་ཕོན་ཆེན་འཕྲོ་བརླག་བཏང་འདི་ཕངས། །ཞེས་བརྗོད། དེ་ལྟར་ཁོ་གཉིས་ཀྱི་གཏམ་གླེང་གི་མཇུག་མ་རྫོགས་ཀྱང་གད་རེས་རྣམས་ཀྱིས་གད་འཕྱིས་བརྒྱབ་ཚར་བ་དང་མ་བྱན་གྱིས་ཟ་ཁང་གི་སྒོ་རྒྱག་ལ་ཉེ་བ་མཐོང་། ཁོ་གཉིས་ཀྱིས་མིག་ཟུང་ཕྱི་ལོགས་སུ་ལྟ་དུས་སྤྲིན་ནག་གི་ཡོལ་བ་ནག་པོ་རིམ་བཞིན་ཕྱེ་ནས་སླར་ཡང་གསེར་མདོག་ཉིན་བྱེད་ཀྱི་བཞིན་རས་གསལ་ལེར་མངོན་པ་མཐོང་བས་དེ་མ་ཐག་ཟ་ཁང་གི་སྒོ་མོ་བརྒྱུད་ཕྱི་ལོགས་སུ་འཕུར།
དེ་ལྟར་ཁོ་གཉིས་སློབ་ཁྲིད་ཁང་ཆེན་དང་ཐག་ཉེ་བའི་སྡོང་རྒན་ཞིག་གི་རྩེ་མོར་བབས་ནས་ངལ་ཆུ་ཚོད་ཕྱེད་ཙམ་གསོས།
ཁོ་གཉིས་ཀྱི་མིག་ཟུང་སློབ་ཁང་ཕྱོགས་སུ་ལྟ་སྐབས། ད་གཟོད་ཆར་ཡོལ་བྱེད་པའི་སློབ་མ་རྣམས་ཀྱང་སློབ་ཁང་ནས་གཅིག་མཇུག་གཉིས་མཐུད་དུ་ཕྱི་ལོགས་སུ་དོན་བཞིན་པ་མཐོང་། དེ་ལྟར་ཚ་ཟེར་ཉི་འོད་ཀྱིས་ནུས་མཐུ་ལས་ས་སྟེང་གི་ཆར་ཆུ་དག་ཀྱང་རིམ་བཞིན་བསྐམས་པས། སློབ་མ་རྣམས་ནི་རང་རང་དགའ་བའི་རྩེད་མོ་སྣ་ཚོགས་ལ་གཡེང་བ་སྟེ། ཁ་ཅིག་གིས་ལུས་རྩལ་ཐང་ཆེན་དུ་རྐང་རྩེད་སྤོ་ལོ་རྩེ་བ་དང་། ཡང་ཁ་ཅིག་གིས་སློབ་ཁྲིད་ཁང་ཆེན་མདུན་གྱི་ཐང་ཆེན་དུ་གཉིས་རེ་གསུམ་རེ་བྱས་ཏེ་ཐག་མཆོང་དང་འགྱིག་རྩེད་ལ་རོལ་བ། ཁ་ཅིག་གིས་ལུས་རྩལ་ཐང་ཆེན་དང་ཉེ་བའི་ལུས་སྦྱོང་ཡོ་བྱད་དག་ལ་རྩེད་མོ་རྩེ་བ། ཁ་ཅིག་གིས་བྱ་སྒྲོའི་སྤོ་ལོ་དང་། ཕིང་ཕང་སྤོ་ལོ་རྩེ་བཞིན་གང་དགའ་གང་སྐྱིད་ངང་རོལ་རྩེད་འབའ་ཞིག་ལ་མགོ་འཁོར་བ་ལས་རང་འགུལ་གྱིས་སློབ་དེབ་ལག་ཏུ་ཁྱེར་ནས་སློབ་སྦྱོང་བྱེད་མཁན་ནི་ཧ་ལམ་རི་བོང་རྭ་ཡི་དཔེ་ཟླར་གྱུར་པས། དེ་འཕྲལ་མཆིལ་པ་ཨ་མས་བུ་ལ་འདི་སྐད་ཅེས་སྨྲས་སོ། །རྩ་ཆེའི་མི་ཡི་ལུས་རྟེན་ཐོབ་ན་ཡང་། །ཚ་གྲང་དཀའ་ངལ་ཁྱད་བསད་ཤེས་རིག་ལ། །ཛ་དྲག་ཆེན་པོས་འབད་བརྩོན་མི་བྱེད་པར། །ཝ་སྐྱེས་གཡོ་སྒྱུའི་ངང་ཚུལ་འདིས་ཅི་ཕན། །ཞེས་སྨྲས་པས། མཆིལ་པ་བུ་དེས། ཞ་ལོང་ལྟ་བུའི་ང་ཅག་དུད་འགྲོ་ལ། །ཟ་བཏུང་ཁོ་ནའི་རྩོལ་སྒྲུབ་གིས་ཆོག་ཀྱང་། །འ་ཅག་འགྲོ་བ་མི་ཡི་བུ་ཕྲུག་གི །ཡ་མཚན་བྱེད་སྟངས་དེ་འདྲ་དགོད་རེ་བྲོ། །ཞེས་སྨྲས། དེ་ནས་མས་བུ་ལ་འདི་ལྟར་སྨྲས་སོ། །ར་བ་གངས་རིས་བསྐོར་བའི་གངས་ལྗོངས་འདིར། །ལ་རྒྱ་ཟབ་པའི་སྔོན་བྱོན་མེས་པོ་ཚོས། །ཤ་ཚ་ཆེན་པོས་གནས་ལྔ་རིག་པ་ལ། །ས་སྟེང་འདི་རུ་འབད་པའི་ཕྱག་རྗེས་མང་། །ཞེས་སྨྲས་སོ། །དེ་ནས་བུས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཧ་ལས་ཧང་སངས་ལོ་ཆུང་བྱིས་པ་ཚོས། །ཧ་ལམ་ཟ་འཐུང་རྩེད་མོས་དུས་འདའ་བའི། །ཨ་མའི་བུ་དང་བུ་མོ་ལོ་ཆུང་ཚོས། །ཨ་མེས་ཚོ་ཡི་བཀའ་དྲིན་དྲན་པར་མཛོད། །ཅེས་བརྗོད་དེ། སློབ་ཆུང་སློབ་མ་འགའ་ཤས་ཀྱིས་ཨ་ཁུ་ཞིང་པས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་གྲུབ་པའི་འབྲུ་རིགས་དེ་དག་དང་། ཚལ་རིགས་ཤ་རིགས་སོགས་ཟས་རིགས་དེ་དག་གང་བྱུང་དུ་འཕྲོ་བརླག་ཏུ་བཏང་བ་མཐོང་འཕྲལ། མཆིལ་པ་མ་བུ་གཉིས་ཀྱིས་གྲེ་འགྱུར་ལན་གསུམ་སྒྲོག་བཞིན་སློབ་མ་ཚོར་དཀའ་བས་སྤྱད་པའི་ཟས་རིགས་གང་བྱུང་དུ་འཕྲོ་བརླག་གཏོང་མི་རུང་བ་དང་། གཤོག་ཟུང་ལན་གསུམ་རྡེབ་བཞིན་སློབ་མ་ཚོར་སྦྱངས་བྱའི་ཤེས་བྱ་རིག་པའི་གནས་ལ་བརྩོན་པ་དལ་འགྲོའི་རྒྱུན་བཞིན་བསྟེན་དགོས་པའི་དྲན་སྐུལ་ཡང་བྱས་སོ།།
འབྲེལ་ཡོད་གསར་འགྱུར།