སྙིང་གི་མི་ལ་སྤྲིངས་པའི་འཕྲིན་ཡིག
བསིལ་ཟེར་ཡིད་ལ་ལྷུང་བའི་སྟོན་གཞུང་གི་མཚན་མོར། །
ཉིད་ཀྱི་ཞལ་རས་མིག་ལ་མངོན་སུམ་དུ་འཆར་འོང་། །
གང་དྲན་ངག་ནས་འབྱིན་འདོད་ཐེར་ཟུག་གི་རང་གཤིས། །
ཚེ་རབས་ལས་ཀྱི་ཕྲེང་བའི་སྨོན་འདུན་དུ་བརྒྱུས་ཤོག །
སེམས་ངོགས་ཁྱོད་ཀྱིས་བཀང་བའི་ན་ལུང་གི་ཁུགས་ལ། །
སྙིང་གཏམ་མེ་ཏོག་ཆུན་པོ་བག་ཡངས་སུ་བྱོས་ཡོད། །
ངེད་གཉིས་མི་ཚེའི་ཁ་ཆད་ག་དུས་སུ་བཏབ་པ། །
དེ་དུས་བརྩེ་དང་དུང་བའི་རབ་ཁ་ནས་མཇལ་ཡོང་། །
རྒྱང་རིང་སེམས་ལ་བརྣག་གིན་ལམ་ཁ་རུ་བཞུད་དུས། །
དྲན་པའི་མིག་ཆུ་ཚ་མོས་མགྲིན་པ་ཡང་བརྣངས་བྱུང་། །
ཡིད་ཀྱི་གཞུང་ལ་བསྙལ་བའི་ནོར་བུ་རང་བསམས་ན། །
བྱེས་ལམ་སྐྱ་མོའི་བསྡུས་གཟུགས་རབ་རིབ་ཏུ་གྱུར་འགྲོ །
སྐར་ཚོགས་ཐང་མར་བརྡལ་བའི་རི་གྲོང་ལ་ཕྱོགས་དུས། །
གནམ་ས་འཕལ་ཀ་འཕྲོད་པའི་ཆོས་ཉིད་ཀྱིས་བརྟས་ཡོང་། །
ལོ་ཟླའི་གླེགས་བམ་བརྩེགས་པའི་འདས་སོང་གི་རྨི་ལམ། །
ཕྱིར་དྲན་གཙང་ངོགས་བརྒྱུད་ནས་ངེད་ཕྱོགས་སུ་སྙེག་ཡོང་། །
ཚིག་གི་མགོ་རྐང་འཆོལ་བའི་ཁེར་གཞས་ཤིག་བཏང་བ། །
ཡིད་ཀྱི་རི་ལྡེབས་ངོགས་སུ་བྲག་ཅ་ཡང་འཁོར་སོང་། །
ཡ་གིའི་མྱ་ངམ་ཐང་ནས་དབུགས་དབྱུང་ལ་རེ་བ། །
མདོ་མེད་འཁྱམ་པོའི་ཡིད་ཀྱི་གསོས་སྨན་དུ་སྒོམ་ཆོག །
ཉིད་ཀྱི་ཕྱི་ནང་གསང་གསུམ་དག་སྣང་གིས་འཚོས་ཏེ། །
བློ་ཡི་ཕུགས་དང་ཡིད་ཀྱི་གཏིང་རུམ་དུ་སྦས་ན། །
བསྐལ་པ་ལན་བརྒྱར་བཞད་པའི་མེ་ཏོག་གི་ཟོལ་གྱིས། །
ང་ཡི་ཞིང་ལ་འཁྲུངས་ཤོག་བདག་མེད་ཀྱི་ལྷ་མོ། །
འབྲེལ་ཡོད་གསར་འགྱུར།