ལོ་རྟགས་བཅུ་གཉིས་ལ་སྦྱར་བའི་གབ་ཚིག
མཆུ་རྣོ་མ་ལག་བདེ་ཞིང་དགྲ་ཟོན་ཆེ། །
འཇབ་བུས་བགྲོད་ཅིང་མཚན་མོ་བཟའ་ཆས་འཚོལ། །
གཟུགས་ཆུང་ས་ཁུང་དྲུས་ཏེ་ཚང་བཅའ་བ། །
གསོད་མཁན་མང་ཡང་སྐྱེ་འཕེལ་ཆེ་བ་གང་། །
གཉའ་ཤིང་ཁུར་ཏེ་ཐོང་གཤོལ་ཤ་ལ་དྲུད། །
དཀར་ཟས་བསྟེན་བཞིན་རང་ལུས་སྦྱིན་པར་བཏང་། །
རྨིག་པ་ཁ་དབྲག་མདུན་སོ་ཡས་རྣམས་མེད། །
དལ་དུས་ལྡད་རྒྱག་བ་མོའི་ཡབ་དེ་གང་། །
ཐོད་པའི་སྤུ་རིས་གཏུམ་དྲག་ཉམས་འགྱུར་མངོན། །
ངར་སྐད་སྒྲོག་ཚེ་བྲག་རི་ཉིལ་སྙམ་བྱེད། །
ནགས་ཁྲོད་རྒྱུ་དུས་སྨུག་རླུང་འཚུབ་དང་ལྷན། །
རི་དྭགས་བྲོས་པའི་ནགས་ཀྱི་རྒྱལ་པོ་གང་། །
ལུས་པོ་དཀར་ཤས་རྣ་ཅོག་རིང་ལ་ཀྲོང་། །
བང་རྩལ་མྱུར་ཞིང་གྱེན་ལ་དེ་བས་མགྱོགས། །
ཁ་ཤོ་སྨན་རྩྭར་དད་ཅིང་ཚེར་གསེབ་ཉལ། །
བློ་ལྡན་ལྟས་ངན་དཔེ་རུ་འདྲེན་དེ་གང་། །
སྤྲིན་པ་དཀར་ནག་འཁྲིགས་པའི་ཀློང་ན་རྒྱུ། །
ཁ་ནས་གློག་ཞགས་འཁྱུག་ཅིང་ལྡིར་སྒྲ་སྒྲོག །
དཔྱིད་སྨད་དབྱར་གྱི་དུས་སུ་སྣང་ཚུལ་ཙམ། །
སྣང་ཡང་བདེན་པར་མ་གྲུབ་ཡོད་དེ་གང་། །
རྐང་ལག་མེད་ཀྱང་བྲང་གིས་བཞུད་ནས་འགྲོ །
ལུས་ཡོངས་ཁྲབ་ལྡན་ལྕེ་གཉིས་ནར་ནར་བྱེད། །
ཆེ་ཆུང་སྣ་ཚོགས་རང་ལུས་མདུད་པར་འཁྲིལ། །
རང་གིས་བཤིག་ནུས་ཐག་ཁྲ་འདྲ་བ་གང་། །
བསྟོད་ཚེ་གྱི་ལིང་ཅང་ཤེས་མིང་དུ་ཐོགས། །
བགྲོད་ན་ལེ་དབར་སྟོང་ཕྲག་ཉིན་གཅིག་བགྲོད། །
འགྲོས་དང་རྒྱུག་རྩལ་ལྟད་མོའི་རྩེ་གྲར་བརྩི། །
རྩྭ་ཆག་ཟ་ཞིང་སྦང་ལྕི་གཏོང་མཁན་གང་། །
ཐོག་མར་པུས་མོ་བཙུགས་ཏེ་འོ་མ་མིད། །
རི་ཐང་སྤང་ལ་བསྡད་ནས་རྩྭ་ཆུ་བསྟེན། །
ལོ་རེར་གོས་རེ་བརྗེས་ཏེ་བལ་སྤུ་བསྐྲུན། །
ཚར་ཕྱུ་སློག་པ་ཤ་ཁྲག་ཡོང་ཁུངས་གང་། །
རི་བྲག་སྡོང་པོའི་ཡལ་གར་ཐོགས་མེད་རྒྱུ། །
མི་དང་འདྲ་ཡང་རྐུབ་དམར་མཇུག་མ་ཡོད། །
གཉེར་མའི་གདོང་ཅན་ཟས་རིགས་སྣ་ཚོཊ་སྤྱོད། །
ལུས་པོ་སྐམ་པོའི་དཔེ་རུ་བྱེད་པ་གང་། །
ཟེ་པྲོག་སྒྲོ་གཤོག་ལྡན་ཞིང་སྐྱེ་ཐེངས་གཉིས། །
སྡེར་མོས་གཏོར་ཞིང་མཆུ་འཐོག་རྒྱག་པར་མཁས། །
ནམ་ཚོད་འཛིན་ཏེ་ཐོ་རེངས་དུས་བརྡ་སྒྲོག །
ཉི་མ་མ་བཞུད་རྡང་དུ་འཛེག་མཁན་གང་། །
བདག་པོ་དབུལ་ཡང་བསམ་པ་རྣམ་དག་བྱེད། །
ཉིན་མཚན་འབྲེལ་ནས་སྒོ་ཁ་ལེགས་པར་སྲུང་། །
རྫི་ཚོར་རྣོ་ཞིང་ཕྱི་ནང་ངོ་ཤེས་པ། །
གསེར་དངུལ་ལས་ནི་རུས་པར་དགའ་བ་གང་། །
ཡ་མཆུ་སྒོར་སྒོར་ཐོག་ཏུ་སྣ་ཁུང་གཉིས། །
དེ་ཡིས་ས་བརྐོ་རྡོ་སློག་བཟའ་ཆས་འཚོལ། །
རྣ་ཅོག་ལྷེབ་ལྷེབ་མཇུག་མ་སྒོར་སྒོར་གཡུག །
ཟས་ནས་ཉལ་མཁན་ལེ་ལོའི་དཔེ་དེ་གང་། །
འབྲེལ་ཡོད་གསར་འགྱུར།