ཐང་གའི་སྒྱུ་རྩལ་གསར་གཏོད་རྒྱུན་འཛིན་གྱིས་དུས་རབས་གསར་པའི་མདུན་ལམ་ཡངས་པོར་ཕྱེ།
དབྱར་གཞུང་དུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རི་ཀླུང་ཀུན་ཏུ་སྔོ་ལྗང་གོས་རྒྱན་བཀླུབས་ཤིང་། གསར་འགོད་པ“ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས”ཞེས་མཚན་སྙན་གྲགས་པའི་ཁ་རུབ་ཆུས་ཀརྨ་ཤང་དུ་བསྐྱོད་ནས། སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་གི་གསར་གཏོད་རྒྱུན་འཛིན་བྱེད་སྟངས་ཉམས་སུ་མྱངས་ལ། མ་སྐྱེས་ཨ་མ་ཐང་ག་འབྲི་ཁང་དུ་དགེ་ཕྲུག་བཅུ་ལྷག་ཙམ་གྱིས་ཐང་གའི་གཞི་རས་མདུན་དུ་བསྡད་དེ་བློ་རྩེ་གཅིག་སྒྲིམ་ངང་ཐང་ག་འབྲི་བཞིན་ཡོད་པ་དང་། ཐོག་མའི་རགས་བྲིས་དང་ཚོན་རྩི་སྣུར་བ་ནས་གསེར་སྐུད་འཐེན་པའི་བར་གྱི་ལས་རིམ་ཚང་མ་ཞིབ་ཚགས་བསྒྲུབས་ནས་སླ་བཅོས་སྤུ་ཙམ་ཡང་བྱེད་ཀྱི་མེད་པ་དང་། དགེ་སློབ་ཕན་ཚུན་བརྒྱུད་ཁྲིད་དང་གཅིག་རྒྱུན་གཅིག་འཛིན་གྱི་རྣམ་པ་ཉིན་རེ་བཞིན་མཐོང་རྒྱུ་ཡོད།
ཀརྨ་ཤང་གི་མངོན་མིན་རིག་གནས་ཤུལ་བཞག་ལོ་ངོ་བརྒྱད་བརྒྱ་ལྷག་ཙམ་རྒྱུན་འཛིན་ཐུབ་ནས་ཐང་ག་འབྲི་སྟངས་དང་། གསེར་ཟངས་ཀྱི་སྐུ་རྡུང་བཟོ། མ་ཎི་རྡོ་བརྐོས། མི་རིགས་རྒྱན་གོས།
སྤོས་བཟོ་བ་སོགས་ལྟེ་བར་བྱས་པའི་སྣ་མང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་མ་ལག་རིམ་བཞིན་གྲུབ་ཡོད། ད་ཆ་ཤང་ཡོངས་སུ་ལག་ཤེས་པ་700ལྷག་ཙམ་ཡོད་པ་དང་། ལག་ཤེས་བཟོ་རྩལ་ཀུང་སི་དང་མཉམ་ལས་ཁང་40ལྷག་ཙམ་དེ་གར་གཞིས་ཆགས་ནས་ཁྱིམ་ཚང་ཚང་མར་ལག་ཤེས་པ་ཡོད་པ་དང་དུད་ཚང་ཚང་མར་རྒྱུན་འཛིན་པ་ཡོད་པས་རི་ཀླུང་ཀུན་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་ཟབ་མོ་མངོན་བཞིན་ཡོད།
ཀརྨ་སྒར་བྲིས་ཐང་གའི་ལུགས་གི་ལོ་ངོ་བརྒྱ་ཕྲག་གི་འཕེལ་རྒྱས་ལོ་རྒྱུས་ནི་བསྡུ་ལེན་གསོག་འཇོག་དང་མཉམ་འདྲེས་གསར་གཏོད་ཀྱི་འཕེལ་རིམ་ལོ་རྒྱུས་ཤིག་རེད། སྔོན་བྱོན་མེས་པོ་ཚོས་ཀྲུང་ཡོན་གྱི་ཞིབ་བྲིས་སྣུམ་ཚོན་བྱུག་རྩལ་བསྡུ་ལེན་བྱས་པ་ནས། ཀརྨ་བདེ་ལེགས་ཀྱིས་རི་སྔོན་ཆུ་དྭངས་དང་བོད་རིགས་ཀྱི་རི་མོ་འབྲི་ཐབས་མཉམ་འདྲེས་བྱེད་པའི་བར། སྒོ་དབྱེ་གསར་གཏོད་ཀྱི་གཞི་རྒྱུ་སྔ་ས་ནས་ས་གཞི་འདིའི་རིག་གནས་ཀྱི་ཁྲག་རྒྱུན་ནང་གཏིང་ཟབ་འདྲེས་ཡོད། དུས་རབས་གསར་པར་སླེབས་རྗེས་རིན་ཆེན་རྣམ་རྒྱལ་གྱིས་ཚབ་མཚོན་བྱས་པའི་ན་གཞོན་ལག་ཤེས་པས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་གནའ་བོའི་ཐང་གར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད།
2018ལོར། ཧྥུའུ་ཅན་གྱི་བོད་སྐྱོར་མངོན་མིན་རིག་གནས་ཤུལ་བཞག་རོགས་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས་རིན་ཆེན་རྣམ་རྒྱལ་ཧྥུའུ་ཅན་དུ་རྒྱལ་ཡོངས་ཀྱི་ཞིང་པའི་བཀྲག་རྩི་རི་མོའི་མཐོ་རིམ་ཞིབ་སྦྱོང་འཛིན་གྲྭར་ཞུགས་ནས་རྒྱ་བོད་མངོན་མིན་རིག་གནས་ཤུལ་བཞག་གི་མཚམས་སྒྲོལ་མཉམ་འདྲེས་ཀྱི་འཚོལ་ཞིབ་ལམ་བུ་བཏོད། ཁོང་གིས། ཚོན་རྩི་དང་ཐང་གའི་གཏེར་དངོས་ཚོན་རྫས་སྡེབ་སྦྱོར་གྱི་ཐབས་ལ་སྦྱང་བརྩོན་གྱིས་རྩི་མ་བྱུག་གོང་ཀོ་སེག་ཐེངས་མང་བརྒྱབ་ནས་ཧྥུའུ་ཅན་གྱི་ཚོན་རྩིའི་རི་མོའི“བྱུགས་ཐབས”དང་། སྒོང་ཤུན་ཕྲ་རྒྱན། དུང་གི་རྒྱན་སྤྲོས་སོགས་བཟོ་རྩལ་ཐང་གའི་གསར་རྩོམ་ནང་གསར་གཏོད་མཉམ་འདྲེས་བྱས་ཡོད།
2022ལོར། ཚོན་རྩིའི་རི་མོའི་ཐང་གའི་བཟོ་རྩལ་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་ཐོབ་པ་དང་། ཀརྨ་ཤང་ནས་ཐོན་པའི་གསར་གཏོད་ལག་རྩལ་དེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་ཐེངས་མང་བྱས་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། ད་ཆ། རིན་ཆེན་རྣམ་རྒྱལ་གྱིས་གཅུང་པོ་དང་མཉམ་དུ་ལས་ཁང་4དང་གསོ་སྦྱོང་རྟེན་གཞི་1བཙུགས་ནས་ལག་རྩལ་གསར་གཏོད་དང་སྤྱི་ཕན་ལག་རྩལ་རྒྱུན་འཛིན་ལས་ལ་ཧུར་ཐག་གཞོལ་བཞིན་ཡོད།
མིག་སྔའི་གནས་ཚུལ་ལ་ལྟ་སྐབས། ཐང་ག་ཙམ་མ་ཡིན་པར་ཀརྨ་ཤང་གི་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ལས་དོན་སྔ་ས་ནས་གང་སར་སྤེལ་ཡོད། པར་མའི་ཐོ་རྡུང་བརྙན་བཟོའི་ལག་རྩལ་ཁྲིད་སྦྱོང་རྟེན་གཞི་ནས་ཐོ་བ་རྡུང་བའི་སྒྲ་རྒྱུན་ཆད་མེད་པར་གྲགས་བཞིན་མཆིས། ལག་ཤེས་པས་བྱང་ཆུབ་པའི་བརྐོས་དཀྲོལ་རྒྱག་རྩལ་ལ་བརྟེན་ནས་ཟངས་ལེབ་དཀྱུས་མ་དག་བོད་བཟོའི་སྐུ་བརྙན་སྤུས་ལེགས་ཤིག་ཏུ་བསྐྲུན་བཞིན་མཆིས། རྒྱུན་འཛིན་པ་ཀརྨ་ཚེ་རིང་རྣམ་རྒྱལ་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དང་སི་ཁྲོན་སློབ་ཆེན་སོགས་མཐོ་སློབ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་དེང་རབས་མཛེས་རིག་དང་སྲོལ་རྒྱུན་རྡུང་བཟོའི་ལག་རྩལ་མཉམ་འདྲེས་བྱས་ནས་རིག་གནས་བསམ་བཀོད་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་ཏེ་གནའ་བོའི་སྐུ་བརྙན་ལག་རྩལ་རི་ཁུལ་བརྒལ་ནས་དང་མང་ཚོགས་ཁྲོད་དུ་ཁྱབ་པ་བྱས་ཡོད།
མངོན་མིན་རིག་གནས་ཤུལ་བཞག་གི་ནུས་པ་ཆེ་རུ་གཏོང་བར་ལག་རྩལ་གསར་གཏོད་བྱེད་དགོས་པ་མ་ཟད། ཐབས་ལམ་འཚལ་ནས་སྐད་གྲགས་ཆོད་པ་དགོས། མིག་སྔར། ཀརྨ་ཤང་གི་ན་གཞོན་རྒྱུན་འཛིན་པས་རང་འགུལ་ངང་སྨྱན་སྦྱོར་གསར་པ་དང་མཉམ་ལས་དང་འགྲན་ལམ་གསར་པ་གཏོད་བཞིན་ཡོད། དགེ་ཕྲུག་བསྟན་འཛིན་གྱིས་ཐང་ག་འབྲི་སྟངས་སྦྱངས་ནས་ལོ་གཉིས་སོང་ཞིང་། ཁོང་གིས“ངས་བརྙན་ཐུང་དང་ཐད་གཏོང་བརྒྱུད་ནས་ཐང་ག་འབྲི་བའི་བརྒྱུད་རིམ་དང་དེའི་རྒྱབ་ཀྱི་རིག་གནས་གཏམ་རྒྱུད་ཕྱོགས་ཡོངས་ནས་མངོན་ཏེ་མི་དེ་བས་མང་བས་ཐང་ག་ལྟ་ཤེས་པ་དང་ཐང་གར་དགའ་པོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད། དེ་དང་ཆབས་ཅིག་ཤང་གིས་རིག་གནས་ཉམས་ལེན་རྣམ་གྲངས་ཧུར་ཐག་བཏོད་དེ་དམངས་སྲོལ་གནས་ཚང་དང་བཟའ་བཏུང་སོགས་ལེ་ལག་ཚང་བའི་ཐོན་ལས་དང་མཉམ་འགུལ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཀརྨ་ཤང་དུ་ཡོང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དབྱིངས་བཞུགས་རྣམ་པའི་ཉམས་ལེན་དང་གསོན་ཤུགས་འཕེལ་བར་བྱས་ཡོད་པ་རེད།།
(《འོད་ཟེར་ཉིན་རེའི་ཚགས་པར》ལས་བཏུས)
འབྲེལ་ཡོད་གསར་འགྱུར།